Search This Blog

Tuesday 12 April 2011

1 རྒྱུད་བཞིའི་སྡོང་འགྲེམས་ལྗོན་པའི་དབང་པོ་ཞེས་བྱ་བ་བཞུགས་སོ།།

༄༅།། ཨོྃཨཐཱཿ རིན་ཆེན་སེམས་ཀྱི་རྩ་བ་བརྟན།། རླབས་ཆེན་ཚོགས་གཉིས་ཡལ་ག་རྒྱས།། སྐུ་གསུམ་འབྲས་བཟང་སྙེ་མས་དུད།། སྨན་རྒྱལ་ལྗོན་པའི་དབང་པོར་འདུད།། རྣམ་དག་རྒྱུད་དགོངས་མངར་བའི་རོས།། གཏམས་པའི་མེ་ཏོག་འདི་ན་མཆིས།། བློ་ལྡན་དོན་གཉེར་བུང་བའི་ཚོགས།། གང་དག་འདི་ལ་སྤྱོད་པར་རིགས།།

              གསོ་དཔྱད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། མན་ངག་ཐམས་ཅད་ཀྱི་རྩ་བ་དཔལ་ལྡན་རྒྱུད་བཞི་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ཀྱི་དགོངས་དོན་མ་ལུས་པ་བདེ་བླག་ཏུ་རྟོགས་པའི་ཐབས་སུ་ཚིག་དོན་ཞིབ་རྒྱས་མུ་ཏིག་ཕྲེང་བའི་ཚུལ་དུ་འཆད་པ། ཤེས་བྱ་སྟོང་མཐུན་ནོར་བུ་བསམ་འཕེལ་གྱི་ཚུལ་དུ་འཆད་པ། དཀའ་ཚོམ་གེགས་སེལ་གནམ་ལྕགས་འཁོར་ལོའི་ཚུལ་དུ་འཆད་པ། ལག་ལེན་དམར་ཁྲིད་རྒན་མོ་མཛུབ་ཚུགས་ཀྱི་ཚུལ་དུ་འཆད་པ་བཅས་འཆད་ཚུལ་བཞི་དང༌། ཡང་ན་ཁྱུང་ཆེན་གཤོག་རླབས་ཀྱིས་རྒྱུད་ཀྱི་སྤྱི་ཁོག་ཕུབ་སྟེ་འཆད་པ། སྟག་མོ་རྔམས་སྟབས་ཀྱིས་དོན་གྱི་ས་བཅད་དེ་འཆད་པ། རུས་སྦལ་ནུར་འགྲོས་ཀྱིས་ཚིག་གི་འབྲུ་གཉེར་ཏེ་འཆད་པ། གནམ་ལྕགས་རྡོ་རྗེས་རྒོལ་ངན་གྱི་བྲག་རི་བསྙེལ་ཏེ་འཆད་པ། སྙན་རྒྱུད་ལྡེའུ་མིག་གིས་མན་ངག་གི་གཏེར་སྒོ་ཕྱེ་སྟེ་འཆད་པ་སྟེ་འཆད་ཐབས་ལྔ་སོགས་ཀྱི་སྒོ་ནས་གཏན་ལ་འབེབ་པ་ཡིན་ཅིང༌།
                དེ་ཡང་སྟག་མོ་རྔམས་སྟབས་ཀྱིས་དོན་གྱི་ས་བཅད་དེ་འཆད་པ་འདི་ལའང་ས་བཅད་ཙམ་དང༌། རྒྱུད་ཀྱི་དགོངས་དོན་མྱ་ངན་མེད་པའི་ལྗོན་ཤིང་གི་གཟུགས་སུ་བཀོད་དེ་སྡོང་འགྲེམས་ཀྱི་ཚུལ་དུ་འཆད་པ་གཉིས་ལས་འདིར་ཕྱི་མའི་ལུགས་ལྟར་རྒྱུད་ཀྱི་མདོར་བསྟན་གླེང་སློང་གིས་བསྟན་པ་བཞིན་དཔལ་ལྡན་རྒྱུད་ཀྱི་སྡོང་འགྲེམས་མདོར་བསྡུས་འགོད་པ་ལ།
                གཞི་འཛིན་པ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་རྒྱུད་ཀྱི་རྩ་བ། དེ་ལས་གྱེས་པའི་སྡོང་པོ་ནི། རྩ་བ་ཐུགས་ཀྱི་རྒྱུད་སྡོང་པོ། བཤད་པ་སྐུའི་རྒྱུད་ཀྱི་སྡོང་པོ། མན་ངག་ཡོན་ཏན་རྒྱུད་ཀྱི་སྡོང་པོ། ཕྱི་མ་ཕྲིན་ལས་རྒྱུད་ཀྱི་སྡོང་པོ་སྟེ་མདོར་བསྟན་སྡོང་པོ་བཞིའོ།།
                སྡོང་པོ་སོ་སོ་ལས་གྱེས་པའི་ཡལ་ག་ནི། དང་པོ་རྩ་རྒྱུད་ཀྱི་སྡོང་པོ་ལས་གྱེས་མདོ་གནས་རྩ་བའི་ཡལ་ག་སྟེ་རྩ་རྒྱུད་ལ་ཡལ་ག་གཅིག་གོ།
                གཉིས་པ་བཤད་རྒྱུད་ཀྱི་སྡོང་པོ་ལས་གྱེས་པའི་ཡལ་ག་ནི། བཤད་རྒྱུད་ཀྱི་མདོར་བསྟན་ནམ་རྩ་བ་མདོ་གནས་ཀྱི་ཡལ་ག གྲུབ་པ་ལུས་གནས་ཀྱི་ཡལ་ག འཕེལ་འགྲེབ་ནད་ཀྱི་གནས་ཀྱི་ཡལ་ག བྱ་བ་སྤྱོད་ལམ་གྱི་གནས་ཀྱི་ཡལ་ག འཚོ་བ་ཟས་ཀྱི་གནས་ཀྱི་ཡལ་ག སྦྱོར་བ་སྨན་གྱི་གནས་ཀྱི་ཡལ་ག ཆ་བྱད་དཔྱད་ཀྱི་གནས་ཀྱི་ཡལ་ག ཐ་མལ་ནད་མེད་གནས་ཀྱི་ཡལ་ག ངོས་བཟུང་རྟགས་ཀྱི་གནས་ཀྱི་ཡལ་ག གསོ་བྱེད་ཐབས་ཀྱི་གནས་ཀྱི་ཡལ་ག བྱ་བྱེད་སྨན་པའི་གནས་ཀྱི་ཡལ་ག་སྟེ་བཤད་རྒྱུད་གནས་བཅུ་གཅིག་ལ་ཡལ་ག་བཅུ་གཅིག་གོ།
                གསུམ་པ་མན་ངག་རྒྱུད་ཀྱི་སྡོང་པོ་ལས་གྱེས་པའི་ཡལ་ག་ནི། ཉེས་གསུམ་གསོ་བའི་སྐབས་ཀྱི་ཡལ་ག ཁོང་ནད་གསོ་བའི་སྐབས་ཀྱི་ཡལ་ག ཚད་པ་གསོ་བའི་སྐབས་ཀྱི་ཡལ་ག ལུས་སྟོད་དབང་པོའི་ནད་གསོ་བའི་སྐབས་ཀྱི་ཡལ་ག དོན་སྣོད་ཀྱི་ནད་གསོ་བའི་སྐབས་ཀྱི་ཡལ་ག གསང་ནད་གསོ་བའི་སྐབས་ཀྱི་ཡལ་ག ཐོར་ནད་གསོ་བའི་སྐབས་ཀྱི་ཡལ་ག ལྷན་སྐྱེས་ཀྱི་རྨ་གསོ་བའི་སྐབས་ཀྱི་ཡལ་ག བྱིས་པ་གསོ་བའི་སྐབས་ཀྱི་ཡལ་ག མོ་ནད་གསོ་བའི་སྐབས་ཀྱི་ཡལ་ག གདོན་ནད་གསོ་བའི་སྐབས་ཀྱི་ཡལ་ག མཚོན་རྨ་གསོ་བའི་སྐབས་ཀྱི་ཡལ་ག དུག་ནད་གསོ་བའི་སྐབས་ཀྱི་ཡལ་ག རྒས་པ་གསོ་བའི་སྐབས་ཀྱི་ཡལ་ག རོ་ཙ་གསོ་བའི་སྐབས་ཀྱི་ཡལ་ག་སྟེ་མན་རྒྱུད་སྐབས་བཅོ་ལྔར་ཡལ་ག་བཅོ་ལྔའོ།།
                བཞི་པ་ཕྱི་མ་རྒྱུད་ཀྱི་སྡོང་པོ་ལས་གྱེས་པའི་ཡལ་ག་ནི། བརྟག་པ་རྩ་ཆུའི་མདོའི་ཡལ་ག ཞི་བྱེད་སྨན་གྱི་མདོའི་ཡལ་ག སྦྱོང་བྱེད་ལས་ཀྱི་མདོའི་ཡལ་ག འཇམ་རྩུབ་དཔྱད་ཀྱི་མདོའི་ཡལ་ག་སྟེ་ཕྱི་རྒྱུད་མདོ་བཞི་ལ་ཡལ་ག་བཞི་བཅས་ཡལ་ག་སོ་གཅིག་གིས་བྱེ་བྲག་ཕྱེ་བ་ཡིན་ནོ།།
                ཡལ་ག་དེ་དག་ལས་གྱེས་པའི་ལོ་མ་ལ། དང་པོ་རྩ་རྒྱུད་ཀྱི་མདོ་གནས་རྩ་བའི་ཡལ་ག་ལས་གྱེས་པའི་ལོ་མ་ནི་གནས་ལུགས་ནད་གཞིའི་ལོ་མ། ངོས་འཛིན་རྟགས་ཀྱི་ལོ་མ། གསོ་བྱེད་ཐབས་ཀྱི་ལོ་མ། དཔེ་དོན་རྣམ་གྲངས་བཀོད་པའི་ལོ་མ་དང་བཅས་ལོ་འདབ་བཞི་དང༌། དེའི་སྔོན་དུ་རྩ་རྒྱུད་སྡོང་པོའི་ལྡེབས་སུ་གླེང་གཞིའི་ལོ་མ་དང༌། གླཻང་སློང་གི་ལོ་མ་དང་གཉིས་བཅས་རྩ་རྒྱུད་ལེའུ་དྲུག་ལ་ལོ་འདབ་དྲུག་གོ།
                གཉིས་པ་བཤད་རྒྱུད་ཀྱི་རྩ་བ་མདོ་གནས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། བཤད་རྒྱུད་སྡོམ་ཚིག་གི་ལོ་མ་གཅིག་དང༌། གཉིས་པ་གྲུབ་པ་ལུས་གནས་ཀྱི་ཡལ་ག་ལས་སྐྱེས་པའི་ལོ་མ་ནི། ལུས་ཆགས་ཚུལ་གྱི་ལོ་མ། འདྲ་དཔེའི་ལོ་མ། གནས་ལུགས་ཀྱི་ལོ་མ། མཚན་ཉིད་ཀྱི་ལོ་མ། དབྱེ་བ་དང་ལས་ཀྱི་ལོ་མ། འཇིགས་ལྟས་ཀྱི་ལོ་མ་དང་བཅས་ལོ་འདབ་དྲུག་དང༌། གསུམ་པ་འཕེལ་འགྲིབ་ནད་ཀྱི་གནས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། ནད་ཀྱི་རྒྱུའི་ལོ་མ། ནད་ཀྱི་རྐྱེན་གྱི་ལོ་མ། ནད་ཞུགས་ཚུལ་དང་གནས་ཀྱི་ལོ་མ། ནད་ཀྱི་མཚན་ཉིད་ཀྱི་ལོ་མ། ནད་ཀྱི་དབྱེ་བ་དང་སོ་སོའི་དོན་གྱི་ལོ་མ་དང་བཅས་ལོ་འདབ་ལྔ་དང༌། བཞི་པ་བྱ་བ་སྤྱོད་ལམ་གྱི་གནས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། རྒྱུན་སྤྱོད་ཀྱི་ལོ་མ། དུས་སྤྱོད་ཀྱི་ལོ་མ། གནས་སྐབས་སྤྱོད་ལམ་གྱི་ལོ་མ་དང་བཅས་ལོ་འདབ་གསུམ་དང༌། ལྔ་པ་འཚོ་བ་ཟས་ཀྱི་གནས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། ཟས་ཚུལ་ཤེས་པར་བྱ་བའི་ལོ་མ། དུག་ལྡན་གྱི་ཟས་བསྡམ་པའི་ལོ་མ། ཟས་ཚོད་རན་པར་བཟའ་བའི་ལོ་མ་དང་བཅས་ལོ་འདབ་གསུམ་དང༌། དྲུག་པ་སྦྱོར་བ་སྨན་གྱི་གནས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། སྨན་གྱི་རོ་དང་ཞུ་རྗེས་བསྟན་པའི་ལོ་མ། སྨན་གྱི་ནུས་པ་བསྟན་པའི་ལོ་མ། སྨན་སྦྱར་ཐབས་བསྟན་པའི་ལོ་མ་དང་བཅས་ལོ་འདབ་གསུམ་དང༌། བདུན་པ་ཆ་བྱད་དཔྱད་ཀྱི་གནས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། ཆ་བྱད་ཀྱི་ལོ་མ་གཅིག་དང༌། བརྒྱད་པ་ཐ་མལ་ནད་མེད་ཀྱི་གནས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། མི་ན་བར་རིང་དུ་གནས་པར་བྱ་བའི་ལོ་མ་གཅིག་དང༌། དགུ་པ་ངོས་བཟུང་རྟགས་ཀྱི་གནས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། ཉེས་པ་དངོས་བསྟན་བརྟག་པའི་ལོ་མ། ངན་གཡོ་སྐྱོན་གྱི་སྒོ་ནས་བརྟག་པའི་ལོ་མ། སྤང་བླང་མུ་བཞིའི་སྒོ་ནས་བརྟག་པའི་ལོ་མ་དང་བཅས་ལོ་འདབ་གསུམ་དང༌། བཅུ་པ་གསོ་བྱེད་ཐབས་ཀྱི་གནས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། སྤྱིའི་གསོ་ཚུལ་གྱི་ལོ་མ། ཁྱད་པར་གསོ་ཚུལ་གྱི་ལོ་མ། གསོ་ཐབས་གཉིས་བསྟན་པའི་ལོ་མ། གསོ་ཐབས་དངོས་བསྟན་པའི་ལོ་མ་དང་བཅས་ལོ་འདབ་བཞི་དང༌། བཅུ་གཅིག་པ་བྱ་བྱེད་སྨན་པའི་གནས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། སྨན་པའི་རྒྱུ་དང་ལས་སོགས་བསྟན་པའི་ལོ་མ་གཅིག་སྟེ་བཤད་རྒྱུད་ལེའུ་སོ་གཅིག་ལ་ལོ་འདབ་སོ་གཅིག་ཡོད་དོ།།
                གསུམ་པ་མན་རྒྱུད་ཀྱི་དང་པོ་ཉེས་གསུམ་གསོ་བའི་སྐབས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། རླུང་ནད་གསོ་བའི་ལོ་མ། མཁྲིས་ནད་གསོ་བའི་ལོ་མ། བད་ཀན་གྱི་ནད་གསོ་བའི་ལོ་མ། འདུས་ནད་སྨུག་པོ་གསོ་བའི་ལོ་མ་དང་བཅས་ལོ་འདབ་བཞི་དང༌། གཉིས་པ་ཁོང་ནད་གསོ་བའི་སྐབས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། གཅོང་ནད་ཀུན་གྱི་རྩ་བ་མ་ཞུ་བ་གསོ་བའི་ལོ་མ། སྐྲན་ནད་གསོ་བའི་ལོ་མ། སྐྱ་རྦབ་གསོ་བའི་ལོ་མ། འོར་ནད་གསོ་བའི་ལོ་མ། དམུ་ཆུ་གསོ་བའི་ལོ་མ། གཅོང་ཆེན་ཟད་བྱེད་གསོ་བའི་ལོ་མ་དང་བཅས་ལོ་འདབ་དྲུག་དང༌། གསུམ་པ་ཚ་བ་གསོ་བའི་སྐབས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། ཚ་བ་སྤྱི་བཅོས་ཀྱི་ལོ་མ། ཚ་གྲང་གལ་མདོའི་ལོ་མ། རི་ཐང་མཚམས་ཀྱི་ལོ་མ། མ་སྨིན་ཚ་བ་གསོ་བའི་ལོ་མ། རྒྱས་ཚད་གསོ་བའི་ལོ་མ། སྟོང་ཚད་གསོ་བའི་ལོ་མ། གབ་ཚད་གསོ་བའི་ལོ་མ། རྙིང་ཚད་གསོ་བའི་ལོ་མ། རྙོགས་ཚད་གསོ་བའི་ལོ་མ། འགྲམ་ཚད་གསོ་བའི་ལོ་མ། འཁྲུགས་ཚད་གསོ་བའི་ལོ་མ། རིམས་ཚད་གསོ་བའི་ལོ་མ། འབྲུམ་པ་གསོ་བའི་ལོ་མ། རྒྱུ་གཟེར་གསོ་བའི་ལོ་མ། གག་ལྷོག་གསོ་བའི་ལོ་མ། ཆམས་པ་གསོ་བའི་ལོ་མ་དང་བཅས་ལོ་འདབ་བཅུ་དྲུག་དང༌། བཞི་པ་ལུས་སྟོད་དབང་པོ་གསོ་བའི་སྐབས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། མགོ་ནད་གསོ་བའི་ལོ་མ། མིག་ནད་གསོ་བའི་ལོ་མ། རྣ་བའི་ནད་གསོ་བའི་ལོ་མ། སྣའི་ནད་གསོ་བའི་ལོ་མ། ཁ་ནད་གསོ་བའི་ལོ་མ། ལྦ་བ་གསོ་བའི་ལོ་མ་དང་བཅས་ལོ་འདབ་དྲུག་གོ། ལྔ་པ་དོན་སྣོད་གསོ་བའི་སྐབས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། དོན་སྙིང་གི་ནད་གསོ་བའི་ལོ་མ། གློ་ནད་གསོ་བའི་ལོ་མ། མཆིན་ནད་གསོ་བའི་ལོ་མ། མཆེར་ནད་གསོ་བའི་ལོ་མ། མཁལ་ནད་གསོ་བའི་ལོ་མ། སྣོད་ཕོ་བའི་ནད་གསོ་བའི་ལོ་མ། རྒྱུ་མའི་ནད་གསོ་བའི་ལོ་མ། ལོང་གི་ནད་གསོ་བའི་ལོ་མ་དང་བཅས་ལོ་འདབ་བརྒྱད་དང༌། དྲུག་པ་གསང་ནད་གསོ་བའི་སྐབས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། ཕོ་མཚན་གྱི་ནད་གསོ་བའི་ལོ་མ། མོ་མཚན་གྱི་ནད་གསོ་བའི་ལོ་མ་དང་བཅས་ལོ་འདབ་གཉིས་དང༌།
                བདུན་པ་ཐོར་ནད་གསོ་བའི་སྐབས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། སྐད་འགགས་གསོ་བའི་ལོ་མ། ཡི་ག་འཆུས་པ་གསོ་བའི་ལོ་མ། སྐོམ་དད་གསོ་བའི་ལོ་མ། སྐྱིགས་བུ་གསོ་བའི་ལོ་མ། དབུགས་མི་བདེ་བ་གསོ་བའི་ལོ་མ། གླང་ཐབས་གསོ་བའི་ལོ་མ། སྲིན་ནད་གསོ་བའི་ལོ་མ། སྐྱུགས་ནད་གསོ་བའི་ལོ་མ། འཁྲུ་ནད་གསོ་བའི་ལོ་མ། དྲི་མ་འགགས་པ་གསོ་བའི་ལོ་མ། གཅིན་འགགས་གསོ་བའི་ལོ་མ། གཅིན་སྙི་གསོ་བའི་ལོ་མ། ཚད་འཁྲུ་གསོ་བའི་ལོ་མ། དྲེག་ནད་གསོ་བའི་ལོ་མ། གྲུམ་བུ་གསོ་བའི་ལོ་མ། ཆུ་སཻར་གསོ་བའི་ལོ་མ། རྩ་དཀར་གྱི་ནད་གསོ་བའི་ལོ་མ། པགས་ནད་གསོ་བའི་ལོ་མ། ཕྲན་བུའི་ནད་གསོ་བའི་ལོ་མ་དང་བཅས་ལོ་འདབ་བཅུ་དགུ་དང༌། བརྒྱད་པ་ལྷན་སྐྱེས་ཀྱི་རྨ་གསོ་བའི་སྐབས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། ཁོང་འབྲས་གསོ་བའི་ལོ་མ། གཞང་འབྲུམ་གསོ་བའི་ལོ་མ། མེ་དབལ་གསོ་བའི་ལོ་མ། སུར་ཡ་གསོ་བའི་ལོ་མ། རླིག་རླུགས་གསོ་བའི་ལོ་མ། རྐང་འབམ་གསོ་བའི་ལོ་མ། མཚན་བར་རྡོལ་བ་གསོ་བའི་ལོ་མ་དང་བཅས་ལོ་འདབ་བརྒྱད་དང༌། དགུ་པ་བྱིས་པ་གསོ་བའི་སྐབས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། བྱིས་པ་ཉེར་སྤྱོད་ཀྱི་ལོ་མ། བྱིས་པའི་ནད་གསོ་བའི་ལོ་མ། བྱིས་གདོན་བཅོས་པའི་ལོ་མ་དང་བཅས་ལོ་འདབ་གསུམ་དང༌། བཅུ་པ་མོ་ནད་གསོ་བའི་སྐབས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། མོ་ནད་སྤྱི་གསོ་བའི་ལོ་མ། མོ་ནད་བྱེ་བྲག་གསོ་བའི་ལོ་མ། མོ་ནད་ཕལ་པ་གསོ་བའི་ལོ་མ་དང་བཅས་ལོ་འདབ་གསུམ་དང༌།
                བཅུ་གཅིག་པ་གདོན་ནད་གསོ་བའི་སྐབས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། འབྱུང་གདོན་གསོ་བའི་ལོ་མ། སྨྱོ་བྱེད་གསོ་བའི་ལོ་མ། བརྗེད་བྱེད་གསོ་བའི་ལོ་མ། གཟའ་གདོན་གསོ་བའི་ལོ་མ། ཀླུ་གདོན་གསོ་བའི་ལོ་མ་དང་བཅས་ལོ་འདབ་ལྔ་དང༌། བཅུ་གཉིས་པ་མཚོན་རྨ་གསོ་བའི་སྐབས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། རྨ་སྤྱི་གསོ་བའི་ལོ་མ། མགོ་རྨ་གསོ་བའི་ལོ་མ། རྐེའི་རྨ་གསོ་བའི་ལོ་མ། བྱང་ཁོག་གི་རྨ་གསོ་བའི་ལོ་མ། ཡན་ལག་གི་རྨ་གསོ་བའི་ལོ་མ་དང་བཅས་ལོ་འདབ་ལྔ་དང༌། བཅུ་གསུམ་པ་དུག་ནད་གསོ་བའི་སྐབས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། སྦྱར་དུག་གསོ་བའི་ལོ་མ། གྱུར་དུག་གསོ་བའི་ལོ་མ། དངོས་དུག་གསོ་བའི་ལོ་མ་དང་བཅས་ལོ་འདབ་གསུམ་དང༌། བཅུ་བཞི་པ་རྒས་པ་གསོ་བའི་སྐབས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། བཅུད་ལེན་བསྟེན་ཐབས་ཀྱི་ལོ་མ་གཅིག་དང༌། བཅོ་ལྔ་པ་རོ་ཙ་གསོ་བའི་སྐབས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། ཁུ་བ་གསོ་བའི་ལོ་མ། བུ་མེད་བཙལ་བའི་ལོ་མ་དང་བཅས་ལོ་འདབ་གཉིས་དང༌། སྐབས་བཅོ་ལྔའི་ཁོངས་སུ་མ་གཏོགས་ཤིང་སྡོང་པོའི་ལོག་ལས་གྱེས་པ་མན་རྒྱུད་ཞུས་པའི་ལོ་མ་གཅིག་བཅས་མན་ངག་ རྒྱུད་ཆེན་ལེའུ་གོ་གཉིས་ལ་ལོ་འདབ་གོ་གཉིས་ཡོད་དོ།།
                བཞི་པ་ཕྱི་རྒྱུད་ཀྱི་སྡོང་པོའི་དང་པོ་བརྟག་པ་རྩ་ཆུའི་མདོའི་ཡལ་ག་ལས་གྱེས་པའི་ལོ་མ་ནི། རྩ་བརྟག་ཐབས་ཀྱི་ལོ་མ། ཆུ་བརྟག་ཐབས་ཀྱི་ལོ་མ་དང་བཅས་ལོ་འདབ་གཉིས་དང༌། གཉིས་པ་ཞི་བྱེད་སྨན་གྱི་མདོའི་ཡལ་ག་ལས་གྱེས་པའི་ལོ་མ་ནི། ཐང་སྦྱོར་གྱི་ལོ་མ། ཕྱེ་མའི་ལོ་མ། རིལ་བུའི་ལོ་མ། ལྡེ་གུའི་ལོ་མ། སྨན་མར་གྱི་ལོ་མ། ཐལ་སྨན་གྱི་ལོ་མ། ཁཎྜའི་ལོ་མ། སྨན་ཆང་གི་ལོ་མ། རིན་པོ་ཆེའི་སྦྱོར་བའི་ལོ་མ། སྔོ་སྦྱོར་གྱི་ལོ་མ་དང་བཅས་ལོ་འདབ་བཅུ་དང༌། གསུམ་པ་སྦྱོང་བྱེད་ལས་ཀྱི་མདོའི་ཡལ་ག་ལས་གྱེས་པའི་ལོ་མ་ནི། སྔོན་འགྲོ་སྣུམ་འཆོས་ཀྱི་ལོ་མ། དངོས་གཞི་བཤལ་གྱི་ལོ་མ། སྐྱུགས་ཀྱི་ལོ་མ། སྣ་སྨན་གྱི་ལོ་མ། འཇམ་རྩིའི་ལོ་མ། ནི་རུ་ཧའི་ལོ་མ། ལོག་གནོན་རྩ་སྦྱོང་གི་ལོ་མ་དང་བཅས་ལོ་འདབ་བདུན་དང༌། བཞི་པ་འཇམ་རྩུབ་དཔྱད་ཀྱི་མདོའི་ཡལ་ག་ལས་གྱེས་པའི་ལོ་མ་ནི། གཏར་གའི་ལོ་མ། མེ་གཙའི་ལོ་མ། དུགས་ཀྱི་ལོ་མ། ལུམ་གྱི་ལོ་མ། བྱུག་པའི་ལོ་མ། དཔྱད་ཀྱི་ལོག་གནོན་ཐུར་མའི་ལོ་མ་དང་བཅས་ལོ་འདབ་དྲུག་སྟེ་ཕྱི་རྒྱུད་ལེའུ་ཉེར་ལྔར་ལོ་འདབ་ཉེར་ལྔ་དང༌། མདོ་བཞིའི་ཁོངས་སུ་མ་གཏོགས་ཤིང་སྡོང་པོའི་ལོགས་ལས་གྱེས་པ་རྒྱུད་བཞིའི་མཇུག་དོན་བསྡུ་བའི་ལོ་མ་དང༌། རྒྱུད་ཡོངས་སུ་གཏད་པའི་ལོ་མ་དང་གཉིས་བཅས་རྒྱུད་བཞི་ཡོངས་ལ་ལེའུ་བརྒྱ་དང་ང་དྲུག་ལ་ལོ་འདབ་བརྒྱ་དང་ང་དྲུག་གིས་རྒྱས་པར་བཀྲལ་བ་ཡིན་ནོ།།
                དེ་དག་ཐམས་ཅད་བསྡུ་ན་བརྗོད་བྱ་ཡན་ལག་བརྒྱད་དུ་འདུ་བ་སྟེ་དངོས་བསྟན་མན་རྒྱུད་ཀྱི་ལུས་ལ་ལོ་འདབ་བདུན་བཅུ་དང༌། བྱིས་པར་གསུམ་དང༌། མོ་ནད་ལ་གསུམ་དང༌། གདོན་ལ་ལྔ་དང༌། རྨ་ལ་ལྔ་དང༌། དུག་ལ་གསུམ་དང༌། རྒས་པ་གསོ་བ་ལ་གཅིག་དང༌། རོ་ཙ་ལ་གཉིས་བཅས་ཡོད་དེ་དེར་མ་གཏོགས་པའི་རྒྱུད་གཞན་གསུམ་གྱི་ལོ་འདབ་རྣམས་ནི་ཡན་ལག་བརྒྱད་ལ་ཅི་རིགས་པའི་ཚུལ་གྱིས་ཁྱབ་པར་གནས་པ་ཡིན་ནོ།།


སྨྲས་པ། འཁྲུལ་མེད་རྒྱུད་དོན་འཚོལ་འདོད་རྣམས།། དཔེ་ཡི་ལོ་མ་ཙམ་མིན་པར།། དོན་གྱི་འབྲས་བུར་སྤྱོད་ཅིག་དང༌།། ངོ་མཚར་རོ་བདའི་བདུད་རྩི་ཡོད།། འདིར་འབད་ལེགས་བྱས་ན྄ཡགྲོདྷའི།། ས་བོན་སྨིན་པས་གསོ་རིག་གི ཡལ་འདབ་ཕྱོགས་བཅུར་རབ་རྒྱས་པར།། འགྲོ་ཀུན་བདེ་བར་དབུགས་འབྱིན་ཤོག།
 
ཅེས་རྒྱུད་བཞིའི་སྡོང་འགྲེམས་ལྗོན་པའི་དབང་པོ་ཞེས་བྱ་བ་འདི་ནི་སྤྱིར་བོད་སྨན་རྩིས་ཁང་གི་ངེས་པ་དོན་གྱི་མཁས་དབང་བྱམས་པ་ཕྲིན་ལས་མཆོག་གིས་མཛད་པའི་རྒྱུད་བཞིའི་སྡོང་འགྲེམས་སྐལ་ལྡན་ཡིད་དབང་འཕྲོག་པའི་ལྗོན་བཟང་ཉིད་ཚིག་དོན་གཉི་ག་ཕུན་སུམ་ཚོགས་པས་དེ་ལྷག་ཉིན་བྱེད་ཀྱི་མདུན་སར་སྲིན་བུའི་རང་འོད་དགོས་པ་མ་མཆིས་མོད། འོན་ཏེ་བོད་ཀྱི་གསོ་བ་རིག་པ་དོན་གཉེར་ཅན་བློ་གྲོས་བླུན་བུ་བདག་འདྲ་འགས་བློ་འཛིན་དང་སྡོང་འགྲེམས་རྒྱུགས་འབུལ་བྱེད་སྐབས་སོགས་སུ་རྩ་ཚིག་དང་ཕན་ཚུན་འཛིངས་ཤིང་ངལ་བ་ཅི་ཆེར་འགྱུར་བ་དུ་མ་མཐོང་བས་རྒྱུད་དགོངས་དང་མ་འགལ་བར་ཚིག་ཚོགས་བསྐྱུང་ཞིང་དགོས་ངེས་ཀྱི་གནད་རྣམས་ཚང་བར་འདུ་བྱེད་པ་པོ་ནི་མདོ་ཁམས་སྟོད་ཀྱི་ཆར་སྡོངས་ཀྱི་རུས་སུ་སྐྱེས་ཤིང༌། རྗེ་བཙུན་བརྟན་པའི་འཁོར་ལོ་མཐོན་མཐིང་རལ་པའི་ཟུར་ཕུད་དོར་ཏེ་གསུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་པར་རོལ་པའི་པཎྜིཏ་ཆེན་པོ་སྡེ་དགེ་ཀཿཐོག་མཁན་པོ་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་སོགས་ཡོངས་འཛིན་དམ་པ་དུ་མའི་སྤྱན་སྔར་ཐུན་མོང་དང་ཐུན་མོང་མིན་པའི་རིག་པའི་གནས་ལ་བག་ཆགས་ཅུང་ཟད་བཞག་པའི་འཚོ་བྱེད་བློ་བཟང་བསྟན་འཛིན་ནམ་བརྡ་སྤྲོད་ཀུན་བཤད་ཀྱི་བཏགས་མིང་དུ་མཚོ་བྱུང་གྲུབ་པའི་བློ་གྲོས་གཙུག་ལག་སྨྲ་བའི་སྡེར་འབོད་པས་རབ་རྒྱན་ལྕགས་སྤྲེལ་རྒྱལ་གྱི་ཟླ་བ་སྤྱི་ལོ་ ༡༩༩༢ ཐོག་མའི་ཟླ་བར་འཕགས་ཡུལ་དྷརྨཤཱལཱ་སྨན་རྩིས་རིག་པའི་འདུ་གནས་ཀྱི་མཐོ་སློབ་ཁང་གི་གཞུང་ལས་ཁང་དུ་སྦྱར་བ་དགེ་ལེགས་འཕེལ།།

No comments: