Search This Blog

Tuesday 12 April 2011

2 རེག་པ་རྩ་ལ་བརྟག་པའི་མདོ་གོ་སླ་བར་འགྲེལ་བ་ཆོས་འབྱུང་ཞལ་ལུང་བཞུགས་སོ།།

ཨོྃཨཐཱཿ
                ཚོགས་གཉིས་རིན་ཆེན་བྱེ་བས་ཡོངས་གཏམ་ཆོས་དབྱིངས་རྒྱ་མཚོ་ཆེན་པོའི་ཀློང༌།།
                སྙིང་རྗེའི་ནོར་རྒྱས་སྲུབ་ཐག་གིས་བསྐུལ་བྱང་ཆུབ་སྤྱོད་པ་མནྡ་རས།།
                ལེགས་པར་སྲུབ་པའི་སྙིང་པོ་ལས་འཁྲུངས་རྣམ་འདྲེན་ཉིན་མོར་བྱེད་པའི་མགོན།།
                སྲིད་གསུམ་སྣང་བྱེད་གཅིག་པུ་གང་དེ་ནུབ་པ་མེད་པར་རྒྱལ་གྱུར་ཅིག།
                འདི་ན་གསོ་བ་རིག་པའི་གསང་བའི་གནད།།
                བརྟག་ཐབས་མན་ངག་ཀུན་གྱི་རྒྱལ་པོ་མཆོག།
                རེག་པ་རྩ་ལ་བརྟག་པའི་མདོ་ཡི་དོན།།
                ཉུང་ངུའི་ཚིག་གིས་རབ་གསལ་དབྱེ་བར་བྱ།།
                དེ་ལ་འཇིག་རྟེན་གྱི་ཁམས་འདིར་ཡ་རབས་སྐྱེས་བུ་དམ་པའི་རྗེས་སུ་འབྲང་པ་རྣམས་ཀྱིས་ཤེས་པར་བྱ་བའི་གནས་ནི་རིག་པའི་གནས་ལྔར་གྲགས་པ་དེ་ཉིད་ཡིན་ཅིང༌། དེ་ཉིད་བསྡུ་ན་ཚར་གཅོད་རྗེས་འཛིན་རང་ཉིད་ཀུན་མཁྱེན་བྱ་བའི་ཐབས་གསུམ་དུ་འདུ་བ་སྟེ་རྒྱལ་ཚབ་བྱམས་པས། དེ་བས་གཞན་དག་ཚར་གཅོད་རྗེས་སུ་བཟུང་ཕྱིར་དང༌།།རང་ཉིད་ཀུན་མཁྱེན་བྱ་ཕྱིར་དེ་ལ་དེར་བརྩོན་བྱ།།ཞེས་གསུངས་པའི་ཕྱིར། དེས་ན་རྗེས་འཛིན་གྱི་རིག་པ་ལ་བཟོ་དང་གསོ་བ་རིག་པ་གཉིས་ཡོད་པ་ལས། ཕྱི་མ་ལ་བརྗོད་བྱ་དོན་གྱི་དབང་དུ་བྱས་ན་ནད་མེད་བདེ་བར་གནས་ཤིང་རིང་དུ་འཚོ་བའི་ཐབས་དང༌། རྣམ་པར་གྱུར་བའི་ནད་གསོ་ཐབས་གཉིས་སུ་འདུ་བ་ཡིན་ཏེ་བཤད་པ་སྐུའི་རྒྱུད་ལས། ནད་མེད་གནས་ཤིང་རང་དུ་འཚོ་བ་དང༌།།རྣམ་འགྱུར་ན་བ་གསོ་བར་བྱ་བ་འོ།།ཞེས་དང༌། ཡོངས་གཏད་ལས། མདའ་གཤའ་འཕང་པ་བཀང་ཡང་གཏད་ས་མདེ་རྩེ་གང༌།།སོ་ནམས་དུས་བཞིར་བཙལ་ཡང་འདོད་དོན་ལྟོ་རྒྱབ་གཉིས།།རྣམ་གྲངས་དུ་མར་ཕྱེ་ཡང་འབྲས་བུ་གྲུབ་པར་བསྡུ།།དེ་བཞིན་རྒྱུད་དང་ཡན་ལག་གནས་སྐབས་མདོ།།དུ་མར་བརྗོད་ཀྱང་མདོ་དོན་རྣམ་པ་གཉིས།།ནད་དང་ནད་མེད་བྱ་བར་ཧྲིལ་གྱིས་དྲིལ།། ཞེས་གསུངས་པ་བཞིན་དེ་གཉིས་སུ་མ་འདུས་པའི་གསོ་བའི་བྱ་བ་སྟོན་པའི་རིག་པ་གསར་རྙིང་འགའ་ཡང་ཡོད་པ་མ་ཡིན།
                དེ་གཉིས་ལས་ཕྱི་མ་ནི་གང་གསོ་བའི་ཡུལ་དུ་གྱུར་བའི་ནད་གཞི་ངོས་བཟུང་བའི་ཐབས་དང༌། ནད་འཁྲུལ་མེད་དུ་རྟོགས་ནས་གཟོད་ཇི་ལྟར་གསོ་བའི་ཐབས་དང༌། གཉེན་པོ་གང་གིས་གསོ་བ་གསུམ་དུ་དབྱེ་ཆོག་ཅིང་དེ་ལས་གཞན་དུ་གྱུར་པ་སྨན་པའི་བྱ་བ་གང་ཡང་ཡོད་པ་མ་ཡིན་ཏེ། དེ་ལ་ངོས་བཟུང་བརྟག་པའི་ཐབས་དང་ནི།།རྟོགས་ནས་ཇི་ལྟར་གསོ་བའི་གསོ་ཚུལ་དང༌།། གང་གིས་གསོ་བའི་གསོ་ཐབས་གསུམ་དུ་བཤད།།ཅེས་དང༌། ནད་པའི་བྱ་བ་གཞི་རྟགས་གསོ་བ་གསུམ།། ཞེས་གསུངས་པའི་ཕྱིར་རོ།། དེ་ཡང་ནད་པ་དང་སྨན་པ་གཉི་གའི་དོན་དུ་གཉེར་བྱའི་འབྲས་བུ་ནི་ལུས་ཀྱི་འབྱུང་བ་འཕེལ་ཟད་འཁྲུགས་པ་ལས་བྱུང་བའི་ཟུག་རྔུའི་ཚོར་བ་དེ་དང་བྲལ་བའི་བདེ་བ་དེ་ཉིད་ཡིན་ཅིང༌། དེ་ནི་རྣམ་པར་གྱུར་བའི་ནད་དམ་འབྱུང་བ་འཕེལ་བ་འབྲིད། ཟད་པ་གསོ། འཁྲུགས་པ་བཟླུམ་པ་ལ་བརྟེན་ནས་འབྱུང་བ་ཡིན། དེ་ལྟ་བུའི་འཕེལ་ཟད་འཁྲུགས་པ་སྙོམ་པར་བྱེད་པ་ནི་གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞི་པོ་གང་ལ་ཇི་དགོས་ཤེས་ནས་བསྟེན་པའི་རྗེས་སུ་འགྲོ་ལྡོག་བྱེད་པ་ཤ་སྟག་ཡིན། དེ་ལྟ་བུའི་ནད་དམ་གཞིའི་གནས་ལུགས་ཇི་བལྟ་བ་བཞིན་ཤེས་མི་ཤེས་ནི་ནད་གཞི་བརྟག་ཐབས་ཀྱི་རིག་པ་ཚུལ་བཞིན་རྟོགས་མ་རྟོགས་ལ་རག་ལས་པ་མངོན་སུམ་དུ་གྲུབ་པ་ལགས་ན་དེ་དག་ཐམས་ཅད་སྔྔ་མ་སྔ་མ་འབྲས་བུ་དང༌། ཕྱི་མ་ཕྱི་མ་བསྐྱེད་བྱེད་ཡིན་པས་མེད་ན་མི་འབྱུང་གི་འབྲེལ་བ་གྲུབ་པ་ཡིན།
                དེ་ལྟ་བུའི་བརྟག་ཐབས་ཀྱི་རིག་པ་དེའང་བལྟ་རེག་དྲི་བ་གསུམ་དུ་མ་འདུས་པ་ཡོད་པ་མ་ཡིན་ཏེ། ངོས་བཟུང་བརྟག་ལ་སྟོང་དང་ཉིས་བརྒྱ་ཡང༌།། བལྟ་རེག་དྲི་བར་མ་འདུས་བརྟག་ཐབས་མེད།།ཅེས་དང༌། ནད་ལ་བལྟ་རེག་དྲི་བས་ཡོངས་ཤེས་བྱ།།ཞེས་གསུངས་པའི་ཕྱིར་རོ། དེ་ལྟ་བུའི་བརྟག་ཐབས་རྣམ་པ་གསུམ་གྱི་ནང་ནས་ཀྱང་ཕུལ་དུ་བྱུང་བ་ནི་རེག་པ་རྩ་ལ་བརྟེན་ནས་ནད་གཞི་ངོས་བཟུང་བ་ནི་དཔྱོད་པ་དོན་གྱི་རིག་པ་ཞེས་བརྟག་ཐབས་ཀུན་གྱི་ནང་ནས་ངོ་མཚར་རྨད་དུ་བྱུང་བ་རྒྱལ་བོ་ལྟ་བུ་ཡིན་ཏེ། སོར་མོས་རེག་པ་བརྡ་སྦྱོར་ཕྲིན་པ་རྩ།།བརྟག་པ་འདི་ནི་དཔྱོད་པ་དོན་རིག་ཡིན།།ཞེས་གསུངས་པ་དོན་ལ་གནས་པ་ཡིན།
                དེ་ལྟ་བུའི་དཔྱོད་པ་དོན་གྱི་རིག་པ་སྟོན་པའི་གཞུང་ནི་གསོ་བ་རིག་པའི་གཞུང་ལུགས་སྣ་ཚོགས་ལས་ངོ་བོ་དང་ཚད་གཞི་མི་འདྲ་བའི་སྒོ་ནས་འབྱུང་བ་ཡིན་ཏེ། འདིར་འགའ་ཞིག་གིས་རེག་པ་རྩ་ལ་བརྟག་པ་ནི་སྟག་ཚང་ལོ་ཙཱ་བས། རྩ་དང་ཆུ་ལ་ནད་ངོས་བཟུང་བ་ནི།། རྒྱ་གར་འཕགས་པའི་ཡུལ་དུ་གསུངས་པ་མེད།། བོད་ཀྱི་སྨན་པ་བྱང་ཆུབ་སེམས་དཔས་མཛད།། ཅེས་གསུངས་པའི་དགོངས་པ་མ་ལོན་པར་རྩ་ལ་བརྟག་པ་ནི་བོད་ཀྱི་གསོ་རིག་ཁོ་ནའི་ཁྱད་ཆོས་ལས་རྒྱ་གར་གྱི་ཚེའི་རིག་བྱེད་སོགས་ལ་མེད་ཅེས་ཁ་ཚོན་གཅོད་དེ་སྨྲ་བ་དང༌། འགའ་རེས་བོད་ཀྱི་རེག་པ་རྩ་ལ་བརྟག་པའི་རིགས་པ་འདི་ནི་རྒྱ་ནག་གི་རིང་ལུགས་ཇི་ལྟ་བ་བཞིན་ལས་བོད་ཀྱི་ཁྱད་ཆོས་གང་ཡང་མིན་པར་སྨྲ་བ་སོགས་ཕུག་ཐག་མ་ཆོད་ཅིང་ཐོས་རྒྱ་ཆུང་བའི་གཏམ་རང་འདོད་བཞིན་ཇི་སྙེད་ཅིག་སྨྲ་བ་ཐམས་ཅད་ནི་མཁས་པ་མགུ་བའི་ལེགས་བཤད་དུ་མ་མཐོང་སྟེ། རྩ་ལ་བརྟག་པ་ཙམ་ནི་རྒྱ་གར་དང་ཁ་ཆེའི་གསོ་བའི་གཞུང་ལུགས་དུ་མ་ནས་བརྟག་ཚུལ་དང་ངོས་འཛིན་སྟངས་མི་འདྲ་བ་སྣ་ཚོགས་འབྱུང་བ་ཡིན།
                འོ་ན་སྟག་ཚང་ལོ་ཙཱ་བའི་གསུངས་དེའི་དགོངས་པ་གང་ཡིན་ཅེ་ན། དེ་ནི་རྒྱ་གར་གྱི་ཚེའི་རིག་བྱེད་ལུགས་ལས་བོད་ཀྱི་གསོ་རིག་གཞུང་ལས་གསུངས་པ་ལྟ་བུའི་རེག་པ་རྩ་ལ་བརྟག་ཐབས་ཆ་ཚང་ཞིང་ཞིབ་ཚགས་པ་འདི་ལྟ་བུ་མ་གསུངས་ཞེས་དགོངས་གཞི་ལེན་ཤེས་པ་བྱས་ན་དོན་ལ་གནས་པར་འཁུམ་མོ།། དེ་བཞིན་དུ་རྒྱ་ནག་ལུགས་ཀྱི་རྩ་ལ་བརྟག་ཐབས་ཀྱི་རིག་པ་དང་བོད་ཀྱི་རེག་པ་རྩ་ལ་བརྟག་པའི་གཞུང་ལུགས་ལའང་མཐུན་པའི་ཆ་དང༌། ཐུན་མོང་མིན་པའི་ཁྱད་ཆོས་དུ་མ་སོ་སོར་ཡོད་པས་འཆད་པར་འགྱུར་བ་ལས་རྟོགས་པར་བྱའོ།།
                དེས་ན་རྒྱ་ནག་ལུགས་ཀྱི་རྩ་བརྟག་ཐབས་ཀྱི་རིག་པ་ལའང་རྒྱས་བསྡུས་སྣ་ཚོགས་ཡོད་པ་ལས་འདིར་སྨན་རྒྱལ་བསྟན་པའི་ཉིན་བྱེད་ཀྱིས་རྒྱ་ནག་གི་རྩ་མདོ་འགྱུར་གསར་ཉུང་བསྡུས་ཀྱི་དོན་རྣམས་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱི་བཀའ་དྲིན་རྗེས་སུ་དྲན་པ་དང་རང་བློར་ལེགས་བཤད་ལ་གོམས་པ་ལྷུར་ལེན་ཕྱིར་ཡིག་ཉོག་གི་ཁུར་བསྐྱེད་པའི་རིང་ལུགས་དོར་ནས་ཉུང་ངུ་རྣམ་གསལ་གྱི་ཚུལ་དུ་འགོད་པ་ལ།
                དེའང་རྩ་བའི་འགྲོས་ལ་ཐོག་མ་དངོས་གཞི་རྣམ་འགྱུར་སྤྱི་བྱེ་བྲག་རྣམས་གསུངས་ཤིང༌། དེ་ནས་བལྟ་དུས་དང་ལྟ་གནས་བཅས་རིམ་པས་རྗེས་ནས་གསུངས་ཡོད་ཀྱང༌། དེ་ནི་གཞུང་དོན་གབ་དཀྲུགས་རྣམས་འཆད་པ་པོའི་བློ་གྲོས་ཀྱིས་ལེགས་པར་བསྒྲིག་ནས་འཆད་དགོས་པ་ཤེས་ཕྱིར་ལྡེམ་དགོངས་ཡིན་པས་འདིར་ལག་ལེན་དངོས་ཀྱི་གོ་རིམ་ཇི་ལྟ་བ་བཞིན་བསྒྲིག་ནས་འཆད་པ་ལ། སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་སྔོན་འགྲོ་ལ་ནམ་ལྟ་བའི་དུས། གང་ལ་བལྟ་བའི་གནས། ཇི་ལྟར་བལྟ་བའི་ཚུལ་ལོ།།
དང་པོ་ནི། རྩ་མདོ་ལས།
དེ་དག་བརྟག་པ་བྱ་བའི་དུས།། ཉི་ཤར་ཚུན་གྱི་སྒོ་རུ་ནི།། བླ་རྩ་འཁྱམས་པོ་འདུས་པའི་ཕྱིར།། གསལ་མཐོང་བརྟེན་འབྲེལ་སྒོ་ཡིན་པས།། དེ་ཡི་དུས་སུ་བརྟག་པ་གཅེས།། ཞེས་པས་བསྟན་ཏེ། དེ་ཡང་རྒྱུད་ཆེན་ལས། གཅིག་ནི་བླ་དང་འདྲ་སྟེ་འཁྱམས་པ་ཡིན།། ཞེས་གསུངས་པའི་བླའམ་སྲོག་གི་རྟེན་དུ་གྱུར་བའི་བྱང་ཆུབ་ཀྱི་སེམས་ལུས་ཀྱི་སྟོད་སྨད་སོགས་སུ་འཁྱམ་པའམ་འཕོ་བ་དེ་ཉིད་དུས་དེར་གང་གི་བྱེད་པ་ལ་བརྟེན་ནས་རྩ་འཕར་བར་བྱེད་པའི་གནས་དེར་འདུ་བའི་རྟེན་འབྲེལ་ཀྱི་སྒོ་ཡིན་པས་ཉི་ཤར་གྱི་དུས་སུ་བརྟག་ན་ནད་གཞི་སོགས་བརྟག་བྱ་རྣམས་གསལ་བར་མཐོང་བའི་གནད་ཡོད་དོ་ཞེས་པའི་དོན་དུ་བཟུང་བར་བྱའོ།། དེ་ཉིད་ཡིན་ཏེ་དཔལ་ལྡན་རྒྱུད་ལས། བལྟ་དུས་མཁའ་ལ་ཉི་ཤར་རླུང་མ་ཕེབས།། ནང་དབུགས་དྲོད་མོ་ཕྱིར་མ་རྒྱུས་པ་དང༌།། ཕྱི་དབུགས་གྲང་མོ་ནང་དུ་མ་བཞུགས་པར།། ཞེས་དང༌། བདག་སྲིབས་དབུགས་སྙོམས་རྩ་མལ་གནས་དུས་བལྟ།། ཞེས་པའི་དོན་དང་གནད་གཅིག་ཅིང༌། འདིའི་དོན་འགྲེལ་བ་དག་ལས་ཚིག་ཚོགས་མང་པོས་བཀྲལ་ཀྱང་གསང་བ་ཐུན་མོང་མིན་པའི་དུས་གནད་ནི་ཕལ་ཆེར་གྱིས་སྟོར་ནས་སྣང་བས་གོང་གི་མན་ངག་ལ་བརྟེན་ནས་ཅུང་ཟད་སྨྲ་བ་བ་ལ།
བདག་སྲིབས་དབུགས་སོྙམས་རྩ་མལ་གནས་དུས་ཞེས་པ་འདིས་ཐུན་མོང་མིན་པའི་གནད་རྗེན་པར་བསྟན་པ་ཡིན་པས། དེའང་སྤྱིར་སྣ་སྒོའི་དབུགས་ཀྱི་རྒྱུ་བ་ནི་རོ་རྐྱང་གི་ནུས་པས་ཕྱི་རོལ་གྱི་ཆོས་ཉིད་ལྟར་ཐུན་ཚོད་ངེས་གཏན་དུ་གཡས་གཡོན་ནས་རེས་མོས་སུ་རྒྱུ་བ་ཡིན་ཅིང༌། དེའི་ཚེ་རྟོག་དཔྱོད་མཁན་གྱིས་ཕྱི་ནང་གི་ལྐོག་གྱུར་གྱི་ལྟས་སྣ་ཚོགས་པ་ཞིག་རྟོགས་པ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང༌། དབྱངས་འཆར་བའི་རྒྱུད་སོགས་ལ་ཞིབ་ཏུ་འདྲིས་པ་ལས་ཤེས་པར་འགྱུར་ཞིང༌། འདིར་ཉེ་བར་མཁོ་བ་ནི་དེ་ལྟ་བུའི་གཡས་གཡོན་གྱི་རྒྱུ་བ་སོ་སོའི་སྐབས་སུ་རྩའི་འཕར་སྟངས་ལ་ཞིབ་པར་དཔྱད་ན་གཡས་གཡོན་སོགས་ཁྱད་པར་ཡོད་པས། གོང་དུ་གཏན་ལ་ཕབ་པའི་དུས་དེར་གཡས་གཡོན་གྱི་རྒྱུ་བ་ཤད་སྙམ་ཞིང་མཉམ་རྒྱུའི་དུས་གནད་ཁྱད་པར་ཅན་ཡིན་པས་དེ་དང་འགྲིག་ན་ཤིན་ཏུ་ངེས་པ་ཡིན་ཞེས་པའི་དོན་དང༌། དེ་བཞིན་རྩ་བའི་མདོ་ལས་གནས་ཞེས་པ་གང་དུ་གནས་ན་རང་མལ་ལས་རྐྱེན་གྱིས་བསྒྱུར་ནས་གནས་གཞན་དུ་མ་བསྐྱོད་པ། གང་གནས་ན་སྲོག་གི་རྟེན་དུ་གྱུར་པའི་བླའམ་ཁམས་དཀར་པོ་རྒྱས་འགྱུར་གྱི་རིགས་སུ་གནས་པའི་བྱང་ཆུབ་ཀྱི་སེམས་སམ་ལུས་ཟུངས་ཁུ་བའི་མཐར་ཐུག་ཏུ་གྱུར་པའི་མདངས་དེ་ཉིད་རང་གནས་སྙིང་གར་གནས་དུས་བརྟག་ན་ཕྱི་ནང་རྟེན་འབྲེལ་དུ་མའི་གནད་ཀྱིས་བརྟག་བྱའི་དོན་དེ་འཁྲུལ་མེད་གསལ་རྗེན་དུ་རྟོགས་པར་བྱེད་དེ་གསུངས་པའི་དོན་ཡིན་པས་འདི་གཉིས་གནད་གཅིག་ཏུ་འབབ་པ་ཡིན་ནོ།།
གཉིས་པ་བལྟ་གནས། རྩ་བའི་མདོ་ལས།
བལྟ་གནས་མཁྲིག་མའི་གཉེར་མ་ནས།། རུས་པ་འབུར་པོའི་ལྡེབས་སུ་སྟེ།། སྨན་པའི་ལག་སོར་རྩ་བའི་ཚིགས།། ནད་པའི་མཁྲིག་མའི་རྒྱབ་ཕྱོགས་ཀྱི།། དབུས་སུ་བཀོད་ནས་འཚམས་པར་བལྟ།། རུས་འབུར་ཡར་ཟུར་མཐེ་བོང་སྟེ།།མར་ཟུར་རུས་འབུར་མཛུབ་མོས་མནན།། ཞེས་པས་བསྟན་ཏེ།
འདིའང་དཔལ་ལྡན་རྒྱུད་ལས།
བལྟ་གནས་མཁྲིག་མའི་གཉེར་མ་དང་པོ་ནས།།ཚོན་གང་མར་བཅལ་རུས་པ་འབུར་པོའི་སྡེབས།།ཞེས་གསུངས་པ་དང་གནད་གཅིག་ཅིང༌། དེ་ཡང་རྒྱུད་ཀྱི་ཚིག་དོན་སྣ་ཚོགས་སུ་བཀྲལ་ཞིང་ལག་ལེན་འདྲ་མིན་དུ་མར་སྣང་ཡང༌། དངོས་བསྟན་ཀྱི་དོན་ནི། ནད་པའི་ལག་པའི་མཁྲིག་གཉེར་དང་པོ་ནས་མཐུར་དུ་ནད་པའི་རང་ཚོན་གང་འཇལ་ན་དེ་ནི་ལག་མཁྲིག་ཡར་ཟུར་གྱི་རུས་འབུར་གྱི་ལྡེབ་དང་འགྲིག་པས་གནས་དེར་བརྟག་དགོས་ཞེས་པར་བཟུང་དགོས། གཞན་དུ་གཉེར་མ་དང་པོ་ནས་ཚོན་གང་མཐུར་དུ་འཇལ་ནས་གདོད་སྨན་པའི་སོར་མོ་གསུམ་བསྒྲིག་ཚེ་རུས་པ་འབུར་པོ་ཞེས་མི་འགྱུར་གནད་ཀྱི་གཟེར་ཆེན་དང་འཁྱུག་པར་འགྱུར་བས་སོ།།
དེ་ཡང་རྩ་མདོ་འགྱུར་གསར་གྱི་བལྟ་གནས་ཀྱི་ཚིག་དོན་ནི། རྩ་གང་དུ་བལྟ་བའི་གནས་ནི་ནད་པའི་ལག་པའི་མཁྲིག་མའི་གཉེར་མ་དང་པོའི་མཚམས་ནས་སྨན་པའི་མཛུབ་མོ་སོགས་སོར་མོ་གསུམ་ཇི་ལྟར་འཚམས་པར་ཡར་ཟུར་གྱི་རུས་པ་འབུར་པོའི་ལྡེབས་སུ་བཀོད་དེ་མཐེ་བོང་རུས་འབུར་གྱི་ཡར་ཟུར་ཏེ་མཁྲིག་མའི་རྒྱབ་ཏུ་སྦྱར་ནས་བརྟག་དགོས་ཞེས་པའི་དོན་ཏེ། དེ་ལྟ་བུའི་གནས་སུ་བརྟག་པའི་གནད་ནི་འགྱུར་གསར་ལས་དངོས་སུ་མི་གསལ་ཡང་འདི་བཞིན་ཤེས་དགོས་ཏེ། རྒྱུད་ལས། ཅི་ཕྱིར་འཕར་རྩ་ཀུན་ལ་ཡོད་མོད་ཀྱང༌།། རིང་བ་ཐག་རིང་མགྲོན་པོའི་གཏམ་དང་འདྲ།། འཚམས་པས་རྒྱང་གྲགས་དབྱར་སྐད་བཞིན་དུ་གསལ།། ཞེས་པས་བསྟན་སྟེ་གོ་སླ་འོ།།
གསུམ་པ་ཇི་ལྟར་བལྟ་བའི་ཚུལ་ལ་གཉིས། བལྟ་རྩ་ལ་བརྟག་ཚུལ་དང་བླ་རྩ་ལ་བརྟག་ཚུལ་ལོ།།
དང་པོ་རྩ་བའི་མདོ་ལས།
ཐོན་སོགས་པགས་རེག་ཙམ་གྱིས་ཏེ།། སྲན་དྲུག་ལྕིད་ཀྱིས་བྱིང་བ་སོགས།། དེ་བཞིན་སྲན་མ་བཅུ་གཉིས་ཀྱིས།། ལྕིད་ཀྱིས་གུད་སོགས་མཐོང་བར་འགྱུར།། ཞེས་གསུངས་ཏེ་འདིས་ནི་ཇི་ཙམ་མནན་པ་དང་དེ་ལྟར་མནན་པས་རྩའི་རང་བཞིན་རྣམས་ཇི་ལྟར་རྟོགས་པར་འགྱུར་ཚུལ་རྣམས་བསྟན་པ་ཡིན་ཏེ། དེའང་བལྟ་གནས་དེ་ཉིད་ཆ་ཤས་གསུམ་དུ་དབྱེ་བས་ཆ་ཤས་དང་པོ་ལ་ཚུན་དང༌། བར་པ་ལ་ཀཱན། ཐ་མ་ལ་ཆི་ཞེས་མིང་གིས་འབོད་པ་ལས་སྨན་པའི་སོར་མོ་གསུམ་གྱི་མིང་ནི་མ་ཡིན་ཅིང༌། གནས་དེ་དག་ཏུ་བརྟག་པའི་ཚེ་མནན་ཚད་ནི་གནས་གསུམ་ཆར་ཆེར་མ་མནན་པར་པགས་པར་རེགས་ཙམ་གྱིས་ཐོན་པའམ་ལྡེང་བ་སོགས་ཕྱི་རྩ་རྣམས་རྟོགས་པར་འགྱུར་བ་དང༌། དེ་བཞིན་དུ་སྲན་མ་དྲུག་གི་ལྕི་ཚད་དང༌། བཅུ་གཉིས་ཀྱི་ལྗིད་ཚད་དེ་ཤུགས་ཆེ་རུ་མནན་ཚེ་བྱིང་བ་དང་གུད་པ་སོགས་ནང་རྩ་བརྒྱད་རྣམས་ཀྱི་མཚན་ཉིད་རྣམས་ཚུལ་བཞིན་རྟོགས་པར་འགྱུར་ཞེས་པའོ།། པགས་རེག་དང༌། སྲན་མ་དྲུག་དང༌། བཅུ་གཉིས་ཀྱི་ཚད་རྣམས་ཚུན་སོགས་ལ་རིམ་པས་སྦྱོར་བ་ནི་བོད་ཤན་ཞུགས་པ་ཡིན་པས་རྒྱ་ནག་པས་སྐབས་འདིར་དེ་ལྟར་འདོད་པ་མ་ཡིན་ནོ།།
གཉིས་པ་བླ་རྩ་བལྟ་ཚུལ་ནི། རྩ་མདོ་ལས།
དེ་བཞིན་ནད་མེད་བདེར་གནས་ལ།། བླ་རྩ་ལ་སོགས་བརྟག་པར་བྱ།། ཞེས་པ་སྟེ། བླ་ནི་མར་མེ་དང༌། འོད་བཞིན་ཚེའི་རྟེན་དུ་གྱུར་པ་ཞིག་སྟེ། དེ་ཉིད་འབྱུང་པོ་སོགས་ཀྱིས་བརྐུ་འཕྲོགས་སུ་མ་ཤོར་བར་གནས་ཡོད་མེད་ནི་སོ་སོའི་སྐྱེ་བོ་རླུང་སེམས་ལ་དབང་མ་འབྱོར་བ་རྣམས་ཕྱི་རྩ་ལ་བརྟག་ནས་ཤེས་དགོས་པ་ཡིན་ཏེ། དེ་ནི་རྩ་བྱེ་བྲག་པ་ནད་པའི་ལག་པའི་མར་ཟུར་ཆུ་རྒྱུས་ཀྱི་གསེབ་ནས་རྒྱུ་བའི་རྩ་དེར་བརྟག་ན་བླ་རང་མལ་དུ་གནས་མ་གནས་རྟོགས་པས་ན་རྩ་དེ་ལའང་བླ་རྩར་བཏགས་པ་སྟེ། དེའི་མཚན་ཉིད་ལ་ཞིབ་པར་དཔྱོད་ཚེ་ནད་ཁམས་འཕེལ་ཟད་འཁྲུག་པས་མ་བསྒྱུར་བ་ཐ་མལ་དུ་གནས་པ་ཞིག་བྱུང་ན་རྟགས་རྣམས་འཁྲུལ་མེད་དུ་ངེས་པས་དེ་འདྲ་ཞིག་ལ་བརྟག་པར་བྱའོ་ཞེས་པའི་དོན་ཡིན་ཅིང༌། དེའང་ནད་ཅན་ལ་རྣམ་པ་ཀུན་ཏུ་བླ་རྩར་བརྟག་མི་རུང་བའི་དོན་ནི་མིན་ཏེ། ནད་པ་འཚོ་འཆི་ཕལ་ཆེར་བླ་རྩ་ལ་བརྟེན་ནས་ཤེས་དགོས་པ་ཡིན་ཏེ་བླ་ནི་ཚེའི་རྟེན་ཡིན་པའི་ཕྱིར་རོ།། སོགས་ཁོངས་ནས་ངོ་མཚར་རྩ་བདུན་སོགས་རྟེན་འབྲེལ་གྱི་ལ་ཉེ་བརྟག་ཐབས་རྣམས་ཀྱང་ནད་མེད་ལ་བརྟག་ན་ངེས་པའི་དོན་ཡིན་ཏེ། ངོ་མཚར་རྩ་བདུན་ནད་མེད་མི་ལ་བརྟག། ཅེས་རྒྱུད་ཆེན་གྱིས་ཀྱང་བཞེད་པའི་ཕྱིར་རོ།།
གཉིས་པ་དངོས་གཞི་ལ་དུས་རྩ་བཤད་པ་དང༌། ནད་གཞིའི་རྩ་བཤད་པ་གཉིས་ལས།
དང་པོ་ནི། རྩ་མདོ་ལས།
དེ་ནས་ཚུན་ཀཱན་ཆི་གསུམ་པོ།།སྤྱི་ལ་སྦྱར་བའི་དཔྱད་དོན་ནི།།     དཔྱིད་གྲིམས་དབྱར་སྦོལ་སྟོན་ཀ་འབོལ།། དགུན་མཁྲང་དུས་བཞིའི་དབྱེ་བ་ཡིན།། ཞེས་གསུངས་སོ།། དེ་ཡང་འདི་འགྱུར་ཁྱད་ཀྱིས་བྱུང་བའམ་གང་ལྟར་དཔྱད་པར་བྱ་བ་ནི་སྟོན་གྱི་དུས་རྩ་འབོལ་བ་དང༌། དགུན་གྱི་དུས་རྩ་མཁྲང་པར་གསུངས་པ་ནི་དོན་དུ་གོ་ལྡོག་ལྟ་བུ་སྣང་བ་ལས་གཞན་རྒྱུད་ཆེན་གྱི་དུས་རྩའི་མཚན་ཉིད་དངོས་དང་གཅིག་མཚུངས་ཡིན་ཏེ། ཕྱི་ནང་གི་འབྱུང་བ་རྣམས་ངོ་བོ་བདག་ཉིད་གཅིག་པའི་འབྲེལ་བའི་དབང་གིས་དཔྱིད་ཤིང་ཁམས་སྟོབས་སུ་གྱུར་དུས་རྣམ་འགྱུར་གྱི་ནད་གཞི་ལ་མ་ལྟོས་པར་ཚོན་ཀཱན་ཆི་གསུམ་གའི་རྩའི་མཚན་ཉིད་ཕྲ་ལ་གྲིམ་པར་འཕར་བ་དང༌། དེ་བཞིན་དུ་དབྱར་མེ་ཁམས་སྟོབས་སུ་གྱུར་དུས་འབྱུང་བའི་མཚན་ཉིད་ལྟར་སྦོམ་ལ་རགས་པར་འཕར་བ་དང༌། དགུན་ཆུ་ཁམས་ཀྱི་མཚན་ཉིད་ཤས་ཆེ་བའི་དུས་སུ་རྩའི་མཚན་ཉིད་འབོལ་ལ་འཇམ་པར་འཕར་བ་དང༌། སྟོན་ལྕགས་ཁམས་ཀྱི་རང་བཞིན་ཏུ་གྱུར་ཚེ་ནང་གི་རྩའི་མཚན་ཉིད་རྩུབ་ཅིང་མཁྲང་བར་འབྱུང་བ་ནི་དུས་ཀྱི་འབྱུང་ཁམས་ཀྱི་མཚན་ཉིད་ཀྱི་དབང་ལས་གྱུར་པས་ཐོག་མར་དེ་ཉིད་ཁོང་དུ་ཆུད་པར་བྱས་ནས་གཟོད་ནད་གཞི་གང་ཡིན་སོགས་ངེས་པར་བྱ་དགོས་ཞེས་པའི་དོན་དུ་བཟུང་བར་བྱའོ།།
                གཉིས་པ་ནད་གཞིའི་རྩ་བཤད་པ་ལ་གཉིས། སྤྱི་རྩ་ངོས་བཟུང་བ་དང༌། བྱེ་བྲག་ནད་གཞི་སོ་སོར་བརྟག་པའོ།། དང་པོ་ལ་གཉིས། སོ་སོར་བཤད་པ་དང༌། བསྡུས་ཏེ་ངོ་བཟུང་བའོ།།
དང་པོ་ནི། རྩ་མདོ་ལས།
                སྟེང་ཐོན་སྟོང་འཁྲུགས་མཁྲང་དང་གྲིམས།། མྱུར་དང་སྦོམ་པ་རྣམ་པ་བདུན།། ཕྱི་ཡི་རྩ་ཞེས་བྱ་བ་སྟེ།།ཕྲ་བྱིང་བུལ་མཐིང་ཤིན་ཏུ་དལ།། གབ་དང་གུད་དང་ཤིན་ཏུ་གུད།།དེ་དག་ནང་རྩ་བརྒྱད་ཡིན་ནོ།། ཀུན་ཀྱང་བསྡུས་ན་ཐོན་དང་བྱིང༌།། དལ་དང་མྱུར་བ་རྣམ་པ་བཞི།།ཞེས་པ་སྟེ་འདི་ཡང་རྒྱུད་ཆེན་ལས། སྤྱི་རྩ་དྲུག་གིས་ཚ་གྲང་ལ་ཤན་དབྱེ།།ཞེས་དང༌། དྲག་རྒྱས་འགྲིལ་མགྱོགས་གྲིམས་མཁྲང་ཚ་བའི་རྩ།།ཞེས་དང༌། གྲང་རྩ་ཞན་བྱིང་གུད་བུལ་ལྷོད་སྟོང་དྲུག། ཅེས་སོགས་གསུངས་པ་རྣམས་དང་དགོངས་པའི་གནད་ཕལ་ཆེར་གཅིག་པར་མངོན་ནོ།།
ཕྱི་རྩ་བདུན་ནི།
                ཧཕུང༌། སྟེང་ཐོན་ནམ་ལྡིང་བ་ནི་མ་མནན་པར་རེག་མ་ཐག་ཏུ་རྟོགས་ལ། ཆེར་མནན་ན་འཕར་མི་ནུས་པ་སྟེ་དཔེར་ན་ཤིང་ཆུས་ཁྱེར་བ་དང་འདྲ་བའོ། ཁྲའུ། སྟོང་ནི་ཚུན་དང་ཀཱན་འོག་གི་རྩ་མངོན་ཞིང་ཆག་ལ་མེད་པའམ་སྟོང་པ་དང༌། དེ་ལས་ལྡོག་པ་ལྟ་བུ་དག་ལ་བཞེད། ཧའོ། འཁྲུགས་པའམ་འདྲེད་པ་ནི་མུ་ཏིག་གི་ཕྲེང་བ་ལྟར་འབར་འབུར་མང་པོ་དུས་གཅིག་ལ་ཡོད་པ། དེ་ཡང་རེས་སྟོད་ནས་དང་རེས་འགའ་སྨད་ནས་འབུར་བ་སྟེ་ཆ་མི་སྙོམ་པའོ།། ཞའེ། མཁྲངས་པའམ་རེངས་པ་ནི་རྩ་རྒྱུད་ཕྲ་ལ་མཁྲེག་པ་མནན་ཀྱང་འཕར་རྒྱུན་མི་འཆད་ཅིང་མ་མནན་ཀྱང་གསལ་བ་ཇི་ལྟར་བརྟག་ཀྱང་བརྟན་ཅིང་རེག་རྒྱུ་ཡོད་པ་ལྟ་བུ་སྟེ་རྩ་རྒྱུད་མི་སྟོང་བར་ནང་དུ་ཡོད་པ་ལྟ་བུའི་དོན་ཡིན། ཤུཡན། གྲིམས་པ་ནི་གཞུ་རྒྱུད་ལྟ་བུ་མནན་ན་ཁ་མི་ཁེང་བ་མེད་པ་འདྲ་བ། མནན་ཆུང་ན་ཧ་ཅང་འཕར་བ། རེས་འགའ་དབུགས་གཅིག་ལ་དྲུག་བདུན་འཕར་ཞིང༌། ལས་ཡུན་རིང་བྱས་པའི་འཇུག་གི་རྩ་ལྟ་བུ། ཅིན། མྱུར་བ་ནི་འཕར་བའི་བྱ་བ་སྐྱེན་པོར་བྱེད་པ་སྟེ་ནད་པའི་དབུགས་གཅིག་ལ་བདུན་བརྒྱད་སོགས་སུ་འཕར་ཞིང་མནན་ཡང་གྲིམས་པ་མཛུབ་མོ་ཡར་ཕུག་པ་ལྟར་བྱེད་པའོ།། ཧོང༌། སྦོམ་པ་ནི་མནན་ཆེ་ཆུང་གང་ཡང་འཕར་ཀྱང་རེག་རྒྱུ་མེད་པ་མི་བརྟན་པའོ།། དེ་དག་ལ་ཕྱི་རྩ་བདུན་ཏེ་ཐབས་དང་ཕོའི་ཆ་སྟེ་ཕལ་ཆེར་གཡས་གྱི་རྩ་ལ་མང༌། འོན་ཀྱང་ནད་གཞིའི་དབང་གིས་གང་ལའང་འབྱུང་བ་ཡིན་ནོ།།
ནང་རྩ་བརྒྱད་ནི།
ཕའི། ཕྲ་བ་ནི་ཧ་ཅང་མི་ཞན་པར་ཐོག་མར་རེག་མ་ཐག་ཉམ་ཙམ་མི་གསལ་ཡང་ཅུང་ཟད་སྲན་མ་དྲུག་གི་ལྕིད་ཀྱིས་མནན་ན་གསལ་ཞིང༌། ཆེར་མནན་ཚེ་མི་གསལ་ཡང་བལྟས་ན་ཡོད་ཙམ་མེད་ཙམ་བྱེད་པ་དེའོ།། ཁྱན། བྱིང་བ་ནི་སྔ་མ་ལས་ཕྲ་བ་རུས་པ་ནོན་པར་མནན་ན་ཅུང་ཟད་གསལ་ཞིང་གཏིང་དུ་ནུབ་པ་ལྟ་བུ་ཡོད་ཡོད་འདྲ་ལ་མི་གསལ་བའོ།། ཧོའན། བུལ་བ་ནི་བྱིང་བ་ལས་ཀྱང་ཞན་པ་དལ་བར་འཕར་ཞིང༌། དེ་ཡང་འཕར་དཀའ་དཀའ་ལྟར་བྱེད་པའོ།། ཟད། འཐིང་བ་ནི་གཡས་གཡོན་དང་འཕར་བའི་སྔ་ཕྱི་གཅིག་གསལ་ལ་གཞན་མི་གསལ་བ་དཔེར་ན་གྲི་སོས་སྨྱུག་མ་གཞར་བ་ལྟ་བུ་ཐུག་ཐུག་ཡོད་པར་བཤད། ཆི། ཤིན་ཏུ་དལ་བ་ནི་འཕར་བའི་བྱ་བ་བུལ་ཞིང་དབུགས་གཅིག་ལ་ལན་གཉིས་གསུམ་ལས་མི་འཕར་ཞིང་དེའང་འཕར་གྲངས་གསུམ་རེའི་མཚམས་སུ་སྡོད་པའོ།། ཧཕུ། གབ་པའམ་སྦས་པ་ནི། ཅུང་ཟད་མནན་ན་ སྲན་མ་བཅུ་གཉིས་ཀྱི་ལྗིད་ ཡིད་ཙམ་གསལ་ཞིང་གཞན་མི་གསལ་བ་དོན་དུ་ཕྲ་ཞིང་ཆུང་བ་སྟེ་ལེགས་པར་བརྟག་ན་གནས་གསུམ་གར་གསལ་ཀྱང་དང་པོ་ནས་མི་མཐོང་བའོ།། གཞུའུ། མི་གསལ་བའམ་གུད་པ་ནི་ཆུས་སྦངས་པའམ་ཆུའི་འོག་ཏུ་བྱིང་བ་ལྟ་བུ་ཅུང་ཟད་མནན་ན་སྲན་མ་བཅུ་གཉིས་ཀྱི་ལྗིད་གསལ་ཡང་ཆེར་མནན་ན་འཕར་མི་ནུས་པའོ།། གཞོ། ཤིན་ཏུ་གུད་པ་ནི། སྲན་མ་དགུའི་ལྗིད་ཙམ་མནན་ན་རྩ་རྒྱུད་ཆེས་ཞན་པར་མཐོང༌། ད་དུང་མནན་ན་སྲིང་བལ་ལྟར་ལྷོད་པོར་འགྱུར་ཞིང༌། དལ་བུས་མནན་ཚེ་ཅུང་ཟད་གསལ་ཀྱང་ཆེར་མནན་ན་མི་མཐོང་བ་ཡིན་ནོ།།
                དེ་ཡང་ནང་རྩ་ནི་ཤེས་རབ་མོའི་རྩ་ཡིན་པས་ཕལ་ཆེར་གཡོན་དུ་ཡོང་བ་ཤས་ཆེ་བ་ཡིན། འོན་ཀྱང་ནད་གཞིའི་དབང་གིས་གཡས་གཡོན་ངེས་མེད་དུ་འབྱུང་བ་ཡིན་ནོ།། དེའང་དུས་ཀྱི་ཁྱད་པར་གྱིས་ཀྱང་ཐབས་ཀྱི་རང་བཞིན་གྱི་རྩ་རྣམས་ཉིན་མོ་དང༌། ཤེས་རབ་ཁྲག་ཡིན་མཚན་མོ་འོ།། ཞེས་གསུངས་པ་བཞིན་ཕྱི་ནང་གི་འབྱུང་བ་རྣམས་ངོ་བོ་བདག་ཉིད་གཅིག་པའི་འབྲེལ་བའི་དབང་གིས་དེ་ལྟར་འབྱུང་བ་དོན་ལ་གནས་པ་ཡིན། དེ་ལྟར་གོང་གི་ཕྱི་རྩ་བདུན་པོ་ནི་ཚ་བའི་རྩ་དང༌། ནང་རྩ་བརྒྱད་པོ་ནི་གྲངས་བའི་རྩ་རུ་སྤྱིར་བསྟན་པས་ཞིབ་པར་དཔྱད་ན་གྲངས་ཀྱང་རྒྱུད་ཀྱི་སྤྱི་རྩ་བཅུ་གཉིས་སུ་བསྡུ་པས་སྤྲོ་བས་ཆོག་གོ།  དེ་ཡང་ཕྱི་རྩ་བདུན་པོ་བསྡུ་ན་ཐོན་ཧཕུང་ དང༌། མྱུར་བ་ཅན་ཅན་ གཉིས་སུ་འདུ་ཞིང༌། ནང་རྩ་བརྒྱད་པོ་བྱིང་བ་ཁྱན་དང༌། དལ་བ་ཆི་ གཉིས་ཏེ་བཞིར་བསྡུ་རུང་བ་ཡིན་ཏེ་འདི་དག་གི་རྩ་རྒྱུད་སོ་སོའི་མཚན་ཉིད་ནི་སྔར་བཤད་པ་ལས་ཤེས་པར་ནུས་པས་སྐྱར་དུ་འགྲེལ་བའི་ངལ་བ་བསྟེན་མི་དགོས་སོ།།
                གཉིས་པ་བསྡུས་ཏེ་ངོས་བཟུང་བ་ནི། རྩ་མདོ་ལས།
                ཐོན་ཆེ་རླུང་དང་ཆམ་པའི་ནད།། ཆུང་བ་གྲང་བའི་ནད་དུ་ཤེས།། བྱིང་བ་ཤེས་ཆེ་སྐྲན་ནད་དམ།། ཡང་ན་ནད་རྙིང་འདུས་པར་དྲན།། དེ་སྟོབས་ཆུང་ན་གྲང་བར་ཤེས།། དལ་བ་གུད་ན་རླུང་ཁྲག་བྱེར།། མྱུར་བ་དྲག་ན་ཚ་བ་ཡིན།།དལ་ཞིང་དྲག་དང་མྱུར་ཞིང་གུད།། རྣམ་པ་ཀུན་ཏུ་སྲིད་མ་ཡིན།།ཞེས་བསྟན་ཏེ། འདི་ནི་ཕྱི་ནང་གི་རྩ་རྒྱུད་རིགས་བཅོ་ལྔ་པོ་རྩ་རྒྱུད་བཞིར་བསྡུས་ནས་ནད་རིགས་ངོས་འཛིན་ཚུལ་བསྟན་པ་ཡིན་ཏེ། ཐོན་ཆེ་བ་སྟེ་རྩ་སྟེང་དུ་ཤུགས་ཆེར་ལྡེང་བ་སྟེ། གཡས་གཡོན་གཉིས་ཀའི་རྩ་སྟེང་ཐོན་ཆེས་པ་ཡིན་ན་དེ་ནི་རླུང་ངམ་ཡང་ན་ཆམ་པའི་ནད་དུ་ངོས་བཟུང་བར་བྱའོ།།                           དེ་བཞིན་བྱིང་བ་ཤད་ཆེ་སྟེ་རྩ་རྒྱུད་གཏིང་དུ་ནུབ་ཅིང་རབ་ཏུ་མི་གསལ་བ་ནི་སྐྲན་ནམ་ཡང་ན་འདུས་པ་སོགས་དུས་རྒྱུན་རིང་པོར་ནད་ཀྱི་མནར་ནས་ཟུངས་དང་འདྲེས་པར་གྱུར་པའི་ནད་གཞིར་ཤེས་པར་བྱའོ།། དེ་སྟོབས་ཆུང་ན་སྟེ་བྱིང་བ་ཡིན་ཅང་ཧ་ཅང་བྱིང་བ་མིན་ཅིང་བྱིང་བ་ཙམ་སྣང་བ་ནི་ནད་གཞི་ཚ་གྲངས་གཉིས་ལས་གྲང་བའི་ནད་གཞིར་ངོས་བཟུང་དགོས་ཏེ་གོང་གི་སྟེང་ཐོན་ཆུང་བ་གྲང་བའི་ནད་གཞིར་ངོས་བཟུང་བ་དང་གནད་གཅིག་པར་ཤེས་པར་བྱའོ།། དེ་བཞིན་རྩ་རྒྱུད་འཕར་བའི་བྱ་བ་མི་མགྱོགས་ཤིང་དལ་པོར་རྒྱུ་བ་གང་ཞིག་ཤུགས་ཞན་པའམ་གུད་པར་འཕར་ན་རླུང་ཁྲག་གི་ནད་རྙིང་གནས་གཞན་དུ་བྱེར་བ་ཡིན་པར་བཟུང་བར་བྱའོ།། རྩ་འཕར་བའི་བྱ་བ་མྱུར་བར་འཕར་བ་གང་ཞིག་དེ་ཡང་ཤུགས་ཆེར་འཕར་བའམ་དྲག་པོར་འཕར་ན་ནད་གཞི་ཚ་བ་ཡིན་པར་བཟུང་བར་བྱའོ།། དེ་ལ་ཐེ་ཚོམ་སྤང་བ་ནི། དེ་ཡང་སྤྱིར་རྩ་ལ་འཕར་བའི་བྱ་བ་མི་མགྱོགས་ཤིང་དལ་བ་ལ་རྩ་རྒྱུད་ཤིན་ཏུ་དྲག་པོ་དང༌། དེ་ལས་ལྡོག་སྟེ་འཕར་བའི་བྱ་བ་མྱུར་བར་འཕར་བ་ལ་གུད་པ་སྟེ་འཕར་མི་ནུས་པ་ལྟ་བུ་ནི་དུས་དང་རྣམ་པ་ཀུན་ཏུ་སྲིད་པ་མ་ཡིན་ཏེ་རྩ་ནི་རླུང་ཁྲག་གི་རྒྱུ་བའི་བྱེད་པས་འཕར་བར་བྱེད་པའི་ཕྱིར་རོ།།
                དེ་ལ་འདི་ལྟར་ཤེས་དགོས་ཏེ། རྩ་དལ་བ་ལའང་དྲག་ཞན་སོགས་མེད་པའི་དོན་དུ་མི་བྱ་བར་དེ་ལ་ཤིན་ཏུ་དྲག་པོ་སྟེང་དུ་ཐོན་ཅིང་འོག་ཏུ་གུད་པ་ལྟ་བུ་མི་སྲིད་པའི་དོན་དུ་བཟུང་བར་བྱ་ཞིང་དེས་གཞན་ལའང་རིགས་འགྲེ་བར་བྱའོ།། དེ་ཡང་རྒྱུད་ཆེན་ལས། སྤྱི་རྟགས་རྩ་ནི་སྟོང་ལ་རྐྱལ་བ་དང༌། ཞེས་དང༌། རླུང་གི་རྩ་ནི་རྐྱལ་སྟོང་སྐབས་སུ་སྡོད།།ཞེས་དང༌། རིམ་ཚད་རྩ་ནི་ཕྲ་ལ་མགྱོགས་པར་འཕར།།ཞེས་དང༌། གྲང་རྩ་མ་ཞུ་གསར་པ་སྦོམ་མཁྲངས།།མ་ཞུ་རྙིང་པ་ཤད་ཆུང་རྩ་རྒྱུད་ཕྲ།།ཞེས་དང༌། སྐྲན་གྱི་རྩ་ནི་ཞན་ཅིང་ཞར་བར་འཁོར།།ཞེས་དང༌། བད་སྐན་སྨུག་པོ་སྦོམ་ཁེང་ཀན་རྩ་ཞར།། བད་རྒན་ཁྲག་རྒན་བྱིང་བྱེད་སོགས་དང་དགོངས་པའི་གནད་གཅིག་གམ་སྙམ་མོ།།
                དེ་ཡང་ཚོན་ཀན་ཆག་གསུམ་ཡར་མར་གྱི་ཟུར་བཅུ་གཉིས་ཀྱིས་དབུགས་ཕྱི་ནང་གི་རྒྱུ་བ་གཉིས་ཀྱི་ཁྱད་པར་ལས་དོན་སྣོད་བཅུ་གཉིས་ཀྱི་རྩ་སོ་སོར་དེ་ལ་བབས་པའི་ནད་གཞིར་བརྟག་པ་སོགས་ནི་རྒྱ་ནག་གི་རྩ་མདོ་རྣམས་སུ་མ་བཤད་པས། འདི་ནི་སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོར་མཁའ་འགྲོ་དང་དྲང་སྲོང་རྣམས་ཀྱི་གདམས་པ་གསང་བ་མན་ངག་གི་ལུགས་སམ། ཐུན་མོང་མིན་པའི་ཁྱད་ཆོས་བླ་ན་མེད་པར་བཟུང་བར་རིགས་སོ།།
                གཉིས་པ་བྱེ་བྲག་ནད་གཞི་སོ་སོར་བརྟག་པ་ལ་གཉིས། རྩ་རྒྱུད་སོ་སོས་ནད་གཞི་གར་བབས་ངོས་བཟུང་བ་དང༌། ནད་གཞི་སོ་སོའི་རྩ་རྒྱུད་བསྡུས་ཏེ་བཤད་པའོ།། དང་པོ་ལ་གཉིས་མདོར་བསྟན་པ། རྒྱས་པར་བཤད་པའོ།།
                དང་པོ་ནི། རྩ་མདོ་ལས།
                དེ་དག་ཞིབ་མོར་གཏན་འབེབས་ན།།ཚུན་ཀན་ཆི་ཡི་རྩ་གསུམ་པོ།། བཅོ་ལྔ་སྦྱར་ཏེ་ཤེས་པར་བྱ།། ཞེས་པས་བསྟན་ཏེ། སྤྱིར་རྩ་རྒྱུད་ངོས་བཟུང་བ་དེ་ལྟར་ཡང༌། ཞིབ་མོར་བྱེ་བྲག་ནད་གཞི་སོ་སོར་ངོས་བཟུང་བ་ནི། ཚུན་ཀན་ཆི་ཡི་གནས་གསུམ་དུ་རྒྱུ་བའི་རྩ་རྒྱུད་རེ་རེ་ལའང་  ཧཕུངཐོན་པ་སོགས་ཕྱི་རྩ་བདུན་དང༌། ཕེའིཕྲ་བ་སོགས་ནང་རྩ་བརྒྱད་དེ་རྩའི་མཚན་ཉིད་དམ་རང་བཞིན་བཅོ་ལྔ་བོ་རེ་རེ་བཞིན་སྦྱར་ཏེ་ནད་གཞི་གང་ཡིན་འཁྲུལ་མེད་དུ་གཏན་ལ་འབེབས་པར་བྱའོ་ཞེས་པའི་དོན་ཏོ།།
                གཉིས་པ་རྒྱས་པར་བཤད་པ་ལ་བཅོ་ལྔ་ལས། དང་པོ་ཐོན་པའམ་ལྡིང་བ་ཕྷུང་ ནི། རྩ་མདོ་ལས།
                ཚུན་ཐོན་རླུང་ཆེ་མགོ་ཚད་ནད།། ཀཱན་ཐོན་གསུས་པ་སྟོང་སྦོས་བྱེད།། ཆི་ཐོན་གློ་བ་རླུང་ཞུགས་ཤིང༌།། ལོང་སྐམ་བཤང་གཅི་སྡོམ་པར་བྱེད།། ཅཻས་པ་སྟེ། དེ་ཡང་སྤྱིར་ཐོན་པའི་རྩ་ནི་མགོ་ན། རྐང་པ་སོགས་ཚིགས་གཞི་ན། གློ་འཁྲུག་བྱེད་ལུད་པ་དང་དབུགས་མི་བདེ། རྔུལ་ནག་མོད། གྲང་ཤུམ་བྱེད། རྒྱབ་གཞུང་དང་སྒལ་ཚིགས་ན། མཚན་མོ་གཉིད་མི་ཁུག་པ་སོགས་མདོར་ན་རླུང་རྟགས་ཤས་ཆེ་བ་འབྱུང༌། བྱེ་བྲག་ཏུ་ཚོན་ཐོན་ན་ན་སོ་ལ་མི་ལྟོས་པར་རླུང་གི་ནད་མགོ་བ་ན། ཚ་བའི་ནད་ཀྱིས་ལུས་དྲོད་ཚ། གཡས་གཡོན་གཉིས་ཀ་ཐོན་ན་ངེས་པར་དུ་རླུང་ངམ་ཡང་ན་མགོ་གཟེར་བྱེད། ཚ་བའི་ནད་གཞི་ཚབ་ཆེན་དུ་གཟུང་གཡས་གཡོན་གང་རུང་ཞིག་ཐོན་ན་དེ་དག་ཚབ་ཆུང་དུ་གཟུང་བར་བྱའོ།།
                ཀྭན་ཐོན་ན། ཕོ་བ་སྦོས་པ་དང་འཁྲོག། ལུས་ཀྱི་ཁམས་ཉམས། དེ་ཡང་ཀྭན་རྩ་གཉི་ག་ཐོན་ན་ཚབ་ཆེ་བ་སོགས་སྔར་བཞིན་གཟུང་དགོས་སོ།། ཆི་ཐོན་ན། གློ་བར་རླུང་ཞུགས་པ་དང་ཐུར་སེལ་ལོག་ནས་ལོང་སོགས་སུ་རླུང་གིས་སྙིགས་མ་རྣམས་བསྐམ་ཤིང་བཤང་གཅི་སྡོམ་པར་བྱེད་པ་ཡིན། གཡས་གཡོན་གཉིས་ཀའི་ཆི་ཐོན་དེ་དག་ཚབ་ཆེན་དུ་བརྟག་གོ།
                གཉིས་པ་སྟོང་པ་ལ་ ཁྲའུ རྩ་མདོ་ལས།
                ཚུན་སྟོང་སྙིང་གར་ཁྲག་ངན་འདུ།། ཀྭན་སྟོང་རྒྱུ་ལོང་ནད་འབྲུམ་སྐྱེ།། ཆི་སྟོང་མཁལ་མ་རྒུད་པ་ཡིན།། གཅིན་སྙི་ཁྲག་རྣག་འཛག་པ་ཡོད།། ཅེས་པས་བསྟན་ཏེ། སྤྱིར་སྟོང་རྩ་ཤར་ན་གཅིན་སྙིའི་ནད་གཞི་དང་ཐིག་ལེ་འཛག་རྒྱུ་མར་རླུང་ཞུགས། ཁྲག་འཁར་བས་སྣ་ཁྲག་འཛག་པ་སོགས་ཁྲག་ཤོར་འབྱུང༌། བྱེ་བྲག་ཏུ་ཚུན་རྩ་སྟོང་ན་སྙིང་གའི་ཁྲག་རྒྱུན་འཁར་བའམ་ལེགས་པར་མི་རྒྱུ། ཀྭན་སྟོང་ན་རྒྱུ་ལོང་གི་ནད་གཞི་དང༌། ཆི་སྟོང་ན་འགྲམ་པ་སོགས་ཀྱི་མཁལ་མའི་ཉམས་སྟོབས་ཞན་ཅིང་ཁྲག་རྣག་འཛག་པའམ་གཅིན་སྙིའི་ནད་གཞིར་གཟུང་བར་བྱའོ།། དེ་ཡང་གཡས་གཡོན་གཉིས་ཀ་སྟོང་ན་དེ་དག་ཚབ་ཆེན་དུ་གཟུང་བ་སོགས་སྔར་བཞིན་སྦྱོར་ཤེས་དགོས་སོ།།
                གསུམ་པ་འཁྲུགས་པ་ ཧོའ ནི། རྩ་མདོ་ལས།
                ཚུན་འཁྲུགས་སྐྱུགས་ལོག་དང་ག་འགག། ཀན་འཁྲུགས་ཕོ་གྲང་ཟས་མི་འཇུ།། ཆི་འཁྲུག་ལྟེ་འོག་འཁྱགས་པ་འདྲ།། ཆུ་འཐུང་ཞུ་གནས་ཁྲོག་སྒྲ་འབྱུང༌།། ཞེས་པས་བསྟན་ཏེ། སྤྱིར་འཁྲུགས་པའམ་འདྲེད་པའི་རྩ་ཤར་ན་རྐང་ལག་བཞི་སྦྲིད་ཅིང་འགུལ་དཀའ། རྐང་པའི་ཚིགས་གཞི་ལ་ཚ་འཁྱུགས་བྱེད། ཆུ་དམར་ཞིང་རེས་འགའ་ཐོན་དཀའ་བ་སོགས་སུ་གཟུང་བར་བྱའོ།། བྱེ་བྲག་ཏུ་ཚུན་འཁྲུགས་ན་སྐྱུགས་པ་དངསྐྱིགས་བུ་འབྱུང༌། ཀྭན་ལ་བྱུང་ན་ཕོ་བའི་མེ་དྲོད་ཞན་ཟས་མི་འགྲོ། ཆི་འཁྲུགས་ན་ལྟེ་འོག་རྒྱུ་མའི་མེ་དྲོད་ཉམས་པས་འཁྱག་པ་དང་འདྲ། ཆུ་གྲང་འཐུང་ན་ལོང་གི་ཡུལ་འཁྲོག་ཅིང་སྒྲ་དང་བཅས་ཏེ་འཁྲུ་བ་སོགས་བྱེད་དོ།། གཡས་གཡོན་གཉིས་ཀར་བྱུང་ན་ནད་གཞི་ཚབ་ཆེན་དུ་གཟུང་བ་སོགས་ནི་སྔར་ལྟར་རོ།།
                བཞི་བ་འཁྲངས་ ཞའེ ནི། རྩ་མདོ་ལས།
                ཚུན་རྩ་མཁྲངས་ན་སྙིང་ཚད་ནད།།ཀྭན་མཁྲང་ཞུ་གནས་གཟེར་བ་སྟོན།།ཆི་ལ་ཐག་པ་ལྟར་གནས་ན།།སྦོས་ཤིང་གཅིན་ཡང་བཟུང་མི་ཐུབ།།ཞེས་པས་བསྟན་ཏེ། མཁྲངས་པ་དང་གང་བའམ་རེངས་པའམ་རང་མི་སྟོང་གི་རྩ་རྣམ་མིང་གི་རྣམ་གྲངས་ཡིན་པས་དེ་བྱུང་ན་ལུས་ཀྱི་ཚ་དྲོད་རྒྱས་ཤིང་ནད་ནང་དུ་གབ། ནང་གི་ཚ་བ་འཕྱུར། གློ་བ་ལྕགས་ཁམས་བསྲེག རིམ་པར་མཆིན་པ་ཤིང་ཁམས་མི་ནོན། ཤིང་གིས་ཕོ་མཚེར་ས་ཁམས་ལ་འཚེད། དེས་ན་ལུས་ཟུངས་ཞན། ཡི་ག་འགག རྐང་ལག་མི་ཕེར། བྱེ་བྲག་ཏུ་ཚུན་རྩར་བྱུང་ན་སྙིང་ག་དང་གློ་བའི་ཐད་དུ་དྲོད་བསྐྱེད། ཀྭན་ལ་བྱུང་ན་ཙའུ་བར་མའམ་ཞུ་གནས་ཏེ་ལོང་གྲིས་བཏུབ་སྙམ་བྱེད། ཆི་མཁྲང་པའམ་ཐག་པ་རྒྱངས་པ་ལྟ་བུའི་རྩ་ཤར་ན་ཕོ་བ་སྦོས་རྒྱངས་བྱེད། གཅིན་འཆོར། ཚབ་ཆེ་ཆུང་གཟུང་ཚུལ་སྔར་ལྟར་རོ།།
                ལྔ་པ་གྲིམས་པ་ ཤུནཡན ནི། རྩ་མདོ་ལས།
                ཚུན་རྩ་གྲིམས་ན་སྙིང་ག་ནི།། ཐག་པ་བསྡམ་ནས་ཁྲིད་བཞིན་ན།། ཀྭན་གྲིམས་ཕོ་བ་གྲང་བའི་ནད།། ཆི་ལ་རྒྱུ་མཚམས་ཆུ་རྒྱས་ནད།། ཅེས་པས་བསྟན་ཏེ། སྤྱིར་རྩ་འདི་ཤར་ན་འགྲོ་འདུག་དཀའ་རླུང་ཁ་ལྡང༌། པགས་པ་དང་བ་སྤུ་རྩེ། སྤྱིར་རྩ་འདི་ཤིང་ཁམས་ཡིན་པས་ས་ཁམས་ཕོ་མཆེར་ལ་དགྲ་བྱེད། བྱེ་བྲག་ཏུ་ཚུན་གྲིམས་ན་སྙིང་གར་ཚ་འབྲབ་བྱེད་ཅིང་ཐག་པས་བསྡོམ་ནས་ཁྲིད་པ་བཞིན་ཟུག་གཟེར་རམ་དོན་མེད་དུ་སྡུག་བསྔལ་འབྱུང༌། ཀྭན་ལ་བྱུང་ན་ཕོ་བར་ཆུ་ལས་གྲང༌། མེ་དྲོད་ཞན། དང་ག་དང་འཇུ་སྟོབས་ཟད། ཆི་གྲིམས་ན་ལུས་སྨད་ལ་ཆུ་སེར་རྒྱས། མཚན་མ་སྐྲང༌། དེ་འདྲ་གཡས་གཡོན་གཉིས་ཀར་བྱུང་ན་ལྕི་བར་གཟུང་བ་སོགས་སྔ་མ་ལྟར་རོ།།
                དྲུག་པ་མྱུར་བ་ ཅིན ནི། རྩ་མདོ་ལས།
                ཚུན་མྱུར་མགོ་བོ་ནང་གི་ནད།།ཀྭན་རྩ་མྱུར་ན་འགུལ་མི་ནུས།།     ཆི་ལ་ཅུང་ཟད་ལུས་ལྕི་ཞིང༌།།ལྟེ་སྐོར་ན་ཞིང་ལག་མྱོང་འདོད།།ཅེས་པས་བསྟན་ཏེ། སྤྱིར་རྩ་འདི་ཤར་ན་རླུང་ཁམས་མཐོ། དབུགས་བསག ལུས་དྲོད་ནང་དུ་གབ་པའི་དྲོད་ཀྱིས་སྟོད་འཚངས་པས་སྨྱོ་བ་དང་རྡོལ་གཏམ་བྱེད། བྱེ་བྲག་ཏུ་ཚུན་རྩ་མྱུར་ན་ནང་གི་ཚ་བའི་རླང་གིས་མགོ་བོ་ན། ཀྭན་ལ་བྱུང་ན་ལུས་གནད་དུ་བསྣུན་པ་ལྟར་འགུལ་མི་ནུས། ཆི་ལ་དེ་འདྲ་བྱུང་ན་ལུས་ཁམས་ལྕི་ཞིང་འཐིབས། རྒྱུ་ལོང་གི་ཡུལ་ན་ཞིང་ལག་གིས་ཡང་ཡང་མྱོང་འདོད་པ་སྟེ་མ་བདེ་བའི་གནས་ལ་ལག་གིས་ཡང་ཡང་རེག་པ་ནི་ཆོས་ཉིད་ཀྱིས་སོ།།
                བདུན་པ་སྦོམ་པ་ ཧོང ནི། རྩ་མདོ་ལས།
                ཚུན་ལ་སྦོམ་ན་བྲང་ཚ་ཞིང༌།། ཀྭན་ལ་ཕོ་ལོག་ལན་མང་སྐྱུགས།། དེ་བཞིན་ཆི་ལ་རྐང་རྐེད་ལྕི།། ཆུ་དམར་གཏོང་དཀའ་རྐང་པ་སྦྲིད།། ཅེས་གསུངས་ཏེ། རྩ་འདི་བྱུང་ན་སྤྱིར་མགོ་ན། རྐང་ལག་ཚ། ཤ་པགས་བར་དུ་འཁྱུགས། དྲི་ཆེན་འགག་པའམ་དྲི་མ་སྐམ། ཁ་སྣ་སྐམ། ལུས་སྐམ་ཁོག་བྱེད། བྱེ་བྲག་ཚུན་རྩ་སྦོམ་ན་བྲང་ཚ་ཞིང་ཚུ་ཚན་སྐྱུགས། ཀྭན་ལ་བྱུང་ན་ཕོ་ལོག་སྟེ་ནང་དུ་ལྕགས་དྲེག་ཆགས། ལན་གྲངས་དུ་མར་སྐྱུགས། ཆི་ལ་ཤར་ན་རྐེད་ཚིགས་ཟུག་ཅིང་རོ་སྨད་དང་རྐང་པ་མི་ཐེགས་ཤིང་ལྕིད་ཉམས་བྱེད། ཚ་བས་མཁལ་རྩ་འགྲམ་པས་ཟག་ཆུ་སྡོམ་ཞིང་ཡང་ན་ཁྲག་དང་འདྲ་བའི་དམར་པོ་འབབ། རྐང་པ་སྦྲིད་པ་སོགས་འབྱུང་ངོ༌།། གཡས་གཡོན་གཉིས་ཀར་དང་གཅིག་ལ་བྱུང་བ་སོགས་ཀྱི་ཁྱད་པར་ནི་སྔར་བཞིན་དྲན་དགོས་སོ། དེ་དག་ནི་ཕྱི་རྩ་བདུན་གྱིས་ནད་གཞི་གར་བབ་ངོས་གཟུང་བ་ཡིན་ནོ།།
                བརྒྱད་པ་ཕྲ་བ་ ཕེའེ ནི། རྩ་མདོ་ལས།
                ཚུན་ལ་ཕྲ་ན་དབུགས་སྟོད་འཚངས།། ཀྭན་ལ་སྙིང་རླུང་ལྡང་ཞིང་ཁྲོ།། ཆི་ཕྲ་ལྟེ་འོག་ནད་འདུས་པས།། ལུས་གྲང་ཆུ་འཐུང་མྱུར་སྒྲ་འབྱུང༌།། ཞེས་པ་སྟེ། ནང་རྩ་བརྒྱད་ཀྱི་དང་པོ་འདི་བྱུང་ན། སྤྱིར་ཁོང་ཁྲག་ཉམས་པའི་ནད་དུ་བཟུང༌། སོ་སོར་བརྟག་ན་ཚུན་རྩ་ཕྲ་ན་དབུགས་འཚངས་སྒྲེག་པ་འབྱུང༌། ཀྭན་ལ་བྱུང་ན་དབུགས་སྙིང་གར་འཚངས་ཤིང་དོན་མེད་དུ་ཁྲོ། ཆི་ལ་བྱུང་ན་ལྟེ་འོག་སྐྲང་ཉམས་བྱེད། ལུས་འཁྱག་པ་དང་ཆུ་གྲང་གིས་ཕོགས་ན་རྒྱུ་ལོང་གི་ཡུལ་འཁྲོག ཁྲིལ་ཧྲིལ་འགྲོ་ཉམས་བྱེད། གཉིས་ཀ་ལ་བྱུང་བ་དང་གཅིག་ལ་བྱུང་བ་སོགས་ཀྱི་ཁྱད་པར་སྔར་བཞིན་ནོ།།
                དགུ་བ་བྱིང་བ་ ཁྱན ནི། རྩ་མདོ་ལས།
                ཚུན་བྱིང་སྙིང་གར་བད་ཀན་འཁྲས།། ཀྭན་ལ་དབུགས་ཐུང་བལྟ་མི་བཟོད།། ཆི་ལ་དེ་བཞིན་རྐང་རྐེད་ལྕི།། གཅིན་རྙོག་འབྲས་བཀྲུས་ཁུ་བའི་མདོག། ཅེས་པས་བསྟན་ཏེ། ནང་རྩ་བརྒྱད་ཀྱི་གཉིས་པ་བྱིང་བ་འདི་བྱུང་ན། སྤྱིར་རྩ་འདི་དབུགས་ཀྱི་གནས་ཡིན་པས་རྩིབས་ལོགས་ཟུག དབུགས་འཚངས། རེས་འགའ་འཁྱག་ཉམས་བྱེད། སོ་སོར་བརྟག་ཚེ་ཚུན་ལ་བྱུང་ན། བད་ཀན་སྙིང་གར་འཁྲས་པ་སྟེ་སྣུམ་བཅས་འབྱར་བག་ཅན་གྱིས་སྙིང་གི་དོན་འཛུལ་གྱི་རྩ་སྒོ་རྣམས་སུ་མཐུག་པོར་གོས། ཀྭན་ལ་ཤར་ན། བད་ཀན་འབྱར་བག་ཅན་གྱིས་གྱེན་རྒྱུའི་བུ་ག་རྣམས་འགག་པས་དབུགས་འཚངས་རྩིབ་ལོག་ཟུག ཆི་ལ་བྱུང་ན་གཅིན་པ་ར྄ྙོག་མ་ཅན་འབྲས་བཀྲུས་པའི་ཁུ་བ་འདྲ་བ་འབྱུང་ཞིང་ཡང་ཡང་གཏོང་དགོས་པ་འབྱུང༌། རྐང་དང་རྐེད་པ་ལྕི་བས་མི་ཐེག་པ་ལྟར་བྱེད་དོ།།
                བཅུ་པ་བུལ་པ་ ཧོའན ནི། རྩ་མདོ་ལས།
                ཚུན་བུལ་ལྟག་ཟུར་ཆུ་རྒྱུས་འཐེན།།ཀྭན་བུལ་དབུགས་བསྡམ་དགྱེ་མི་ཤེས།།ཆི་ལ་འདུས་པའི་གྲང་ནད་རྙིང༌།།མཚན་མོར་འདྲེ་ཡིས་དེད་པ་རྨི།།ཞེས་པ་སྟེ། ནང་རྩ་གསུམ་པ་འདི་བྱུང་ན། རྐང་ལག་མི་བདེ་ཞིང་སྐྲངས། དབུགས་མི་བདེ། སོ་སོར་གཡས་གཡོན་གྱི་བརྟག་ན་ཚུན་རྩ་བུལ་ན་ལྟག་ཟུར་ཆུ་རྒྱུས་ཐེན་པ་སྙམ་བྱེད་ཅིང་མཇིང་པ་རེངས། ཀྭན་ལ་བྱུང་ན་ཕོ་བ་མི་བདེ་ཞིང་དབུགས་སྡམ་དགྱེ་དགུ་མི་ཤེས། ཆི་ལ་ཤར་ན་གྲང་ནད་ཡུན་ལོངས་པའི་ནད་དང་ཕོ་བར་སྐྲན་ཡོད་པར་གཟུང། གདོན་ངོ་ཆེ།
                བཅུ་གཅིག་པ་འཐེང་བ་ ཟད ནི། རྩ་མདོ་ལས།
                ཚུན་འཐེང་ཕོ་རླུང་གྱེན་དུ་ལུད།། ཀྭན་འཐེང་ཁྲག་ནད་བྱེར་བ་ཡིན།། ཆི་ལ་གྲང་རླུང་གྱེན་དུ་ལོག། ལུས་གྲང་ལྟེ་འོག་འབྲུག་སྒྲ་སྒྲོག། ཅེས་པ་སྟེ། ནང་རྩ་བཞི་བ་ཟད་པ་ནི་སྤྱི་ལ་ལུས་ཀུན་ན། བུད་མེད་ཡིན་ན་མངལ་ཆགས། མངལ་མ་ཆགས་ན་ཁྲག་ཟད་པའི་རྟགས། སྐྱེས་པ་ཡིན་ན་ཁམས་ཉམས་པར་གྱུར་བར་བཟུང༌། ཁྱད་པར་ཚུན་ལ་བྱུང་ན་ཕོ་རླུང་གྱེན་དུ་ལུད་པ་སྟེ་སྦོ་ཞིང་སྒྲེགས། ཀྭན་རྩ་མཐེང་ན་མཆིན་གནད་མི་བདེ་ཞིང་ངན་ཁྲག་བྱེར་བ་སྟེ་སྨུག་པོ་བྱེར་བ་ཡིན། ཆི་ལ་ཤར་ན་ལོང་གི་ཡུལ་སྦོ་འཁྲོག་བྱེད། དྲི་མ་ཐོགས་པ་སོགས་འབྱུང་བ་ཡིན།
                བཅུ་གཉིས་པ་ཤིན་ཏུ་དལ་བ་ ཆི ནི། རྩ་མདོ་ལས།
                ཚུན་དལ་སྙིང་གི་གྲང་བའི་ནད།། ཀྭན་དལ་ཕོ་ནད་སྦོ་འཐུང་དཀའ།། དེ་བཞིན་ཆི་དལ་རྐང་རྐེད་ལྕི།། གོས་མང་གྱོན་ཀྱང་སྲབ་མོར་ཚོར།། ཞེས་པས་བསྟན་ཏེ། ནང་རྩ་ལྔ་བ་ཤིན་ཏུ་དལ་བ་འདི་སུ་ལ་བྱུང་ནའང་མཁལ་མའི་ཁམས་ཉམས་པས་མི་བདེ། སོ་སོར་བརྟག་ན་སྙིང་རྩ་ལ་ཡོད་ན་སྙིང་ལ་བད་རླུང་གི་ཁམས་རྒྱས། ཀྭན་ལ་བྱུང་ན་ཕོ་བའི་མེ་དྲོད་ཉམས་པས་ཟས་ཀྱི་དང་ག་འགག ཟོས་པ་རྣམས་མི་འཇུ་ཞིང་སྦོ་རྫིང་བྱེད། ཆི་ལ་བྱུང་ན་མཁལ་མའི་ཟུང་སྟོབས་ཉམས་པས་རྐང་པ་འདེགས་དཀའ། རྐེད་པ་མི་བདེ་ཞིང་གོས་མང་པོ་དང་མཐུག་པོར་གོན་ཀྱང་མི་དྲོས་པའོ།།
                བཅུ་གསུམ་པ་གབ་པའམ་སྦས་པ་ ཧཕུ ནི། རྩ་མདོ་ལས།
                ཚུན་རྩ་གབ་ན་སྙིང་རླུང་འདུས།། ཀྭན་ལ་མིག་ཟི་རྒྱུ་ལོང་ནད།། ཆི་ལ་མཐོང་ན་ཟས་མི་འཇུ།། ཉལ་སྟོད་མི་བདེ་ཁེང་པ་བཤལ།། ཞཻས་པས་བསྟན་ཏེ། སྤྱིར་རྩ་འདི་ཐབས་ཤེས་སམ་ཚ་གྲང་ཆ་མ་སྙོམ་པར་གྲང་བའི་ཁམས་སམ་ཤེས་རབ་རྒྱས་པའི་ནད་སྟེ། རྩ་གསུམ་མམ་མེ་དྲོད་གསུམ་གྱི་སྒོ་བཀག་པས་རྐང་ལག་འཁྱག ཚོར་བ་ཉམས་ཤིང་སྦྲིད། སོ་སོར་བརྟག་ན། ཚུན་རྩ་ལ་བྱུང་ན་སྙིང་གར་དབུགས་འཚངས་པ་ལྟར་ན། ཀྭན་རྩར་ཤར་ན་མིག་མི་གསལ། དབང་མེད་དུ་འགོག་མི་ཐུབ་པར་བཤལ། ཆི་གབ་ན་ཟས་མི་འཇུ། ཉལ་བ་དང་འདུག་མི་ཤེས། མེ་དྲོད་ཉམས་པས་མཐུར་དུ་འཁྲུའོ།།
                བཅུ་བཞི་པ་གུད་པའམ་སྦས་པ་ གཞུའུ ནི། རྩ་མདོ་ལས།
                ཚུན་གུད་མི་ལ་རྔུལ་མང་ཞིང༌།། ཀྭན་ལ་དབུགས་ཟད་ལུས་ཟུངས་ཤོར།། ཆི་གུད་གྲང་བ་གཏིང་དུ་འཁར།། ཤ་རུས་བྱེ་སྙམས་ཟུངས་མི་ཐུབ།། ཅེས་པས་བསྟན་ཏེ། ནང་རྩ་བདུན་པ་སྦས་པའམ་གུད་པ་ནི། སྤྱིར་རྩ་འདི་ཤར་ན་ཟུངས་ཞན། རྐང་ལག་གི་ཚིགས་དང་རུས་པ་ཟུག སྙིང་གར་ན། སེམས་མི་བདེ། མགོ་འཁོར། རྣ་བ་འུར། མཁལ་རྐེད་ན་ཞིང་སྨད་གྲང༌། ཁྱད་པར་དུ་ཚུན་རྩ་གུད་ན་དོན་མེད་དུ་རྔུལ་ཆུ་འབབ། ཀྭན་ལ་བྱུང་ན་ལུས་ཟུངས་ཟད་པས་དབུགས་འཚངས། ཆི་རྩ་གུད་ན་གྲང་བ་གཏིང་དུ་འཁར་བ་སྟེ་མེ་དྲོད་ཀྱི་གཞི་རྟེན་ཉམས་པས་ལུས་ཟུངས་ཀྱི་རྒྱུ་ཟད་པས་ཟུངས་ཟད་ཅིང་སྨན་དཔྱད་སོགས་ཀྱི་རྟེན་མེད་པས་གསོར་མི་རུང་བའི་ནད་དུ་བཟུང་ངོ༌།།
                བཅོ་ལྔ་པ་ཤིན་ཏུ་གུད་པའམ་ཟད་པ་ གཞོ ནི། རྩ་མདོ་ལས།
                ཚུན་བྱུང་ཟུངས་ཞན་རྡོ་རྗེ་འགྲེང༌།། ཀྭན་བྱུང་ཕོ་མཚེར་རླུང་བྱེར་རྟགས།། ཆི་ལ་ཐབས་ཀྱི་དབུགས་ཟད་ཡིན།། པགས་པར་རླུང་ལོག་ལུས་སྦྲིད་དོ།། ཞེས་པས་བསྟན་ཏེ། ནང་རྩ་བརྒྱད་པ་ཤིན་ཏུ་གུད་པའམ་ཟད་པ་འདི་ལ་རྩ་བའི་འགྱུར་ཐ་དད་པ་གཉིས་སྣང་ཡང༌།  དང་པོ་རྒྱ་ནག་གི་སྐད་ལ་ཁྱད་པར་ཆེར་མེད་པ་ལྟ་བུར་སྣང་བས་གོང་གི་འདི་རྩ་བར་གཟུང་ན། སྤྱིར་རྩ་འདི་ཤ་པགས་ལ་རླུང་བྱེར་བས་རྩེ་ཞིང་སྐྲང༌། བཙས་རྗེས་སུ་རྩ་འདི་བྱུང་ན་རླུང་ལོག་པས་གདོང་སྐྲང༌། སྐྱེས་དར་མ་ལ་རྩ་འདྀ་བྱུང་ན་ཡུན་རིང་མི་བརྟན། རྒྱུན་རིང་ནད་ཀྱིས་མནར་བ་དང༌། རྒན་རྒོན་སོགས་ཁམས་ངན་པ་ལ་བྱུང་ན་རང་བཞིན་ཡིན་པའི་སྐྱོན་ཆེར་མི་འབྱུང༌། འདི་ནི་རྒྱུད་ཀྱི་གློ་བུར་སྟོབས་རྒྱས་ནད་ལ་རྩ་སྟོབས་ཕྲ། ཞེས་པ་དང་གནད་གཅིག་ཡིན་ནོ།།
                བྱེ་བྲག་ཏུ་ཚོན་རྩ་ལ་བྱུང་ན་ལུས་ཟུངས་ཞན་པའམ་སྙིང་གི་ཟུངས་ཤོར་བས་ཕོ་མཚན་མི་ལྡང༌།
              ཚུན་ཟད་སྲིབ་ཀྱི་གུད་པའི་ལམ།།ཀྭན་ཟད་རླུང་ནི་ཤིན་ཏུ་བྱེར།། ཆི་ལ་གདགས་ཀྱི་དབུགས་ཀྱང་ཟད།།པགས་པར་རླུང་ལོག་ལུས་སྦྲིད་དོ།།ཞེས་ཀྭན་ལ་ཤིན་ཏུ་དལ་བའི་རྩའི་མཚན་ཉིད་བྱུང་ན་ཕོ་མཚེར་གྱི་ཡུལ་རླུང་ངམ་ནུས་པ་ཕྱིར་བྱེར་བས་གནས་དེ་དག་མི་བདེ། ཆི་ལ་བྱུང་ན། ཐབས་ཀྱི་ནུས་པ་ཉམས་ཤིང་ཤ་པགས་ལ་རླུང་བྱེར་བས་ལུས་ཀུན་མི་བདེ་ཞིང་ན་ཟུག་བྱེད་པའི་རྟགས་སུ་བཟུང་བར་བྱའོ།།
                གཉིས་པ་ནད་གཞི་སོ་སོའི་རྩ་རྒྱུད་བསྡུས་ཏེ་བཤད་པ་ལ་བཞི་ལས། དང་པོ་ཐོན་ལ་གཉིས། སོ་སོར་བཤད་པ་དང༌། དམིགས་བསལ་ལོ།། དང་པོ་ནི། རྩ་མདོ་ལས།
                སྟེང་ཐོན་སྟོབས་ཆེ་རླུང་གི་ནད།། སྟེང་ཐོན་སྟོབས་ཆུང་ལུས་ཟུངས་གུད།། སྟེང་ཐོན་ཕྲ་ན་དབྱར་ཚད་ནད་ནད་དང་བྲལ།། སྟེང་ཐོན་གུད་ན་དྲེག་གྲུམ་ནད།། སྟེང་ཐོན་སྟོང་ན་ཁྲག་གི་ནད།། སྟེང་ཐོན་མགྱོགས་ན་རླུང་ཚད་འདོམས།།ཐོན་དལ་གཡའ་ཞིང་རྔུལ་མི་འབབ།། ཐོན་སྦོམ་བ་སྤུ་སྲིན་འབུའི་ནད།།ཐོན་འཁྲུགས་ཤ་པགས་ཚ་རྩིག་བྱེད།། ཐོན་གྲིམས་རླུང་གིས་འདར་ཞིང་ངལ།།ཐོན་རིང་ལུས་ཕྱི་ན་ཏུ་ཚ།། ཐོན་མཁྲངས་མགྱོགས་འཁྲུགས་ནད་བརྒྱ་འདུས།།ཞེས་པས་བསྟན་ཏེ། འདི་ལའང་འགྱུར་ཁྱད་ཕྲན་བུ་ཡོད་ཀྱང༌། དོན་ནི་གོ་སླ་བར་སྣང་ངོ༌།།
                གཉིས་པ་དམིགས་བསལ་ནི། རྩ་མདོ་ལས།
                གཅིག་ཐོན་དབུགས་འཚང་ཤ་པགས་ཚ།། གཡོན་ཚུན་ཐོན་ན་ཕྱི་ནད་ཞུགས།། གཡས་ཚུན་ཐོན་ན་ནང་གི་ནད།། ན་འཕྲལ་ཐོན་ན་ཆམ་པའི་ནད།། ནད་རྙིང་ཐོན་མཐོང་གྲང་བའི་ནད།། གསུམ་ག་སྟེང་ཐོན་གློ་རླུང་ཞུགས།།སྣ་ཆུ་མང་ཞིང་གློ་ཡང་ལངས།། ཤིན་ཏུ་ཚ་འདར་ཤ་པགས་ན།།གྲེ་སྐམ་མིག་གཉིས་ཚ་འཛག་འབྱུང༌།། ཆི་ཐོན་གཏོང་དཀའ་གློ་རླུང་ཞུགས།། ཀྭན་ཐོན་གསུས་པ་སྦོ་པའི་ནད།། ཅེས་པས་བསྟན་པ་སྟེ། འདི་ནི་གོང་གི་ཚུན་ཐོན་རླུང་ཆེ་སོགས་དང༌། མདོར་བསྡུས་སྐབས་ཀྱི་སྟེང་ཐོན་སྟོབས་ཆེན་སོགས་ལ་སོ་སོར་སྦྱར་ནས་ཤེས་དགོས་པ་སྟེ། དེ་ཡང་ཐོན་ན་རླུང་དང་ཚ་བ་དང༌། དེ་ཡང་མགོ་བོ་ན་བ་གང་ཞིག་གཡས་གཡོན་གང་རུང་གཅིག་ཁོ་ན་ཐོན་ན་རླུང་དང་ཚ་བ་སོགས་ཚབ་ཆུང་བར་གཟུང་བ་དང༌། དེ་ཡང་ཁྱད་པར་དུ་གཡོན་ཚུན་ཐོན་ན་ཆམ་པ་སོགས་སམ་མཚོན་དང་རྡབ་པ་སོགས་ཕྱི་རྐྱེན་ལས་བྱུང་བ་དང༌། གཡས་ཚུན་ཐོན་ན་དུག་དང་མ་ཞུ་བ་སོགས་ནང་རྒྱུ་ལས་བྱུང་བ་དང༌། རྒྱུན་རིང་གི་ནད་གཞིར་རྩ་འདི་མཐོང་ན་གྲང་བའི་ནད་གཞིར་གཟུང་བར་བྱའོ།། གནས་གསུམ་གའི་རྩ་ཐོན་ན་གདོན་མི་ཟ་བར་གློ་བར་རླུང་ཞུགས་པས་སྣ་ཆུ་འཛགས་པ་སོགས་སུ་ཤེས་དགོས། ཀྭན་ཐོན་ན་ཕོ་མཆེར་ས་ཁམས་ཀྱི་ནུས་པ་ཡང་བས་བཅོམས་པས་སྦོ་རྫིང་བྱེད། ཆི་ལ་བྱུང་ན་གློ་བར་རླུང་སོགས་གཏོང་དཀའ་ཞིང་འགག་ པ་དང་དེ་ཡང་གཡས་གཡོན་གཉིས་ཀ་དང༌། གཅིག་གི་ཁྱད་ནི་སྔར་སྨོས་པ་དེ་དག་སྦྱར་ཤེས་པར་བྱའོ།།
                གཉིས་པ་བྱིང་བ་བཤད་ལ་གཉིས། སོ་སོར་བཤད་པ་དང་དམིགས་བསལ་ལོ།། དང་པོ་རྩ་མདོ་ལས།
                བྱིང་བ་ཤད་ཆེ་སྐྲན་ནད་དམ།། ཡང་ན་ནད་རྙིང་གུད་པར་དྲན།། བྱིང་བ་ཤད་ཆུང་མྱ་ངན་གྱིས།། སྙིང་ག་དབུགས་ཀྱིས་འཚངས་པ་དང༌།། ལུས་གྲང་འབྲས་བུ་སྐྲངས་པ་འམ།། བཤམ་ལ་ཆུ་མང་འཐུང་བ་ཡིས།། སྙིང་ག་བཀག་པས་རྩིབས་ལོག་གཟེར།། རྐང་ལག་ཆད་ཅིང་རྐེད་པ་ན།། ཆུ་བསག་ཁོང་སྦོ་ཁོང་སྐྲན་ནད།།བྱིང་འཁྲུགས་མ་ཞུ་རྙིང་པ་ཡིན།། བྱིང་གབ་གླང་ཐབ་ཉྭ་ལོག་བྱེད།། བྱིང་མཐིང་དྲེག་གྲུམ་གྲང་བའི་ནད།། བྱིང་ཕྲ་རྔུལ་འབབ་བྱིང་བུལ་ཞིང༌།། མིག་ཟི་མགོ་བོ་འཁོར་བའི་ནད།། བྱིང་མཁྲངས་ཚད་འདུས་ཆུ་ཁ་སྙི།། བྱིང་གྲིམས་ཁོང་ན་ཚ་དྲོད་གསོག ། ཁྲག་འཁྲུ་བཤང་བ་ཐོན་པ་དཀའ།། བྱིང་མྱུར་མགྱོགས་ན་ཚ་གྲངས་འདྲེས།།བྱིང་མྱུར་མི་མགྱོགས་ཆུ་སེར་རྒྱས།། བྱིང་གུད་སྐྲན་གྱི་གྲང་བ་ཆེ། བྱིང་མི་གསལ་བའང་མཆིན་པ་དང༌།། ཕོ་བ་གྲང་ཟིན་རྐྱེན་གྱིས་ན།། ཞེས་པས་བསྟན་ཏེ་གོ་བར་ཟད་དོ།།
                གཉིས་པ་དམིགས་བསལ་ནི། རྩ་མདོ་ལས།
                གཡས་ཚུན་བྱིང་བ་ཁྲག་དབུགས་གུད།། གཡོན་ཚུན་བྱིང་ན་བད་ཀན་དྲོད།། ཆི་བྱིང་ཚུར་རྙེགས་རྐང་རྐེད་ལྕི།། ཀྭན་བྱིང་དབུགས་ཐུང་ཆུ་སྐྱུར་སྐྱུགས།། མཆིན་ཁ་ན་འོ་གསུམ་ཀ་བྱིང༌།། རླུང་ཁྲག་གྲང་བའི་ནད་གཞི་དག ། ནང་གནས་ཕྱི་རུ་མ་གསལ་ཞིང༌།། རྩ་གསུམ་འགག་པས་བཤལ་གྱིས་བཀྲུ།།ཕོ་བའི་ནད་གཞི་མྱུར་དུ་བཅོས།། ཞེས་པས་བྱིང་བའི་སྐོར་བསྟན་ཏེ། འདི་ནི་གོང་གི་ཚུན་བྱིང་སྙིང་གར་བད་ཀན་འཁྲས་སོགས་དང་སྦྱར་ནས་ངོས་བཟུང་དགོས་ཏེ། དེ་ཡང་གཡས་ཚུན་ལ་ཤས་ཆེ་ན་ཟུང་ཁྲག་ཞན། དབུགས་ཀྱི་ལྡང་ཚད་ཉུང་བ་སྟེ་ལུས་ཟུངས་གུད་པ་ལས་བྱུང་བ་དང༌། གཡོན་ལ་བྱུང་ན་བད་ཀན་གྱི་འབྱར་བག་དྲོད་ཀྱིས་བཙོས་ནས་འདྲིལ་བ་ལས་བྱུང་བ་དང༌། ཆི་རྩ་ལ་བྱུང་ན་མཁལ་མར་གོང་གི་རྐྱེན་གྱིས་འཚེ་བས་རྐང་པ་འདེག་དཀའ་ཞིང་ཆུ་རྙོག་པ་ཅན་དུ་འབྱུང་བ་དང༌། ཀྭན་ལ་བྱུང་ན་རྐྱེན་དེ་དག་གིས་མཆིན་པ་དང་ཕོ་བར་གཙེས་པས་ཆུ་སྐྱུར་དོན། མཉམ་རྒྱུའི་རླུང་གི་སྒོ་དགག་པས་དབུགས་བརྩེགས། ཕོ་མཆིན་གྱི་ཡུལ་མི་བདེ། གསུམ་ཀ་ལ་རྩ་འདི་ཤར་ན་ནད་གཞི་ནང་དུ་གབ་པས་རྩ་གསུམ་སྟེ་བསམ་སེའུ་འགག་པས་རྒྱ་ནག་ལུགས་ཀྱི་བསམ་སེའུའི་དོན་ཐད་སྒྱུར་བྱས་ན་རྩ་གསུམ་ཞེས་པའི་དོན་ཡིན་ཅིང་དེ་ཡང་མེ་དྲོད་གསུམ་དང་སྣོད་གསུམ་ལ་སྦྱར་བ་སོགས་ཡོད་པས་བོད་ཀྱི་བསམ་སེའུའི་ངོས་འཛིན་ཚུལ་དང་མི་འདྲ། བཤལ་སྐྱུགས་རྩ་སྦྱོང་སོགས་ཀྱིས་བཀྲུས་ཏེ་རྩ་མིག་འགག་པ་བསལ་བའི་སྒོ་ནས་ཕོ་བའི་ནད་གཞི་མྱུར་དུ་གསོ་བར་བྱ་དགོས་སོ།། ནད་ཚབ་ཆེ་ཆུང་གི་ངོས་འཛིན་ནི་སྔར་ཐོན་གྱི་སྐབས་སུ་བཤད་པ་དེས་རིགས་འགྲེས་ཤེས་པར་བྱའོ།།
                གསུམ་པ་བྱིང་བ་ལ་གཉིས། སོ་སོར་བཤད་པ་དང༌། དམིགས་བསལ་ལོ། དང་པོ་ནི། རྩ་མདོ་ལས།
                དལ་བ་ཤེད་མེད་སྟོབས་གུད་གྲང༌།། ཤིན་ཏུ་ཤད་མེད་ཕོ་བའི་ནད།། དེ་བཞིན་ལུས་ཟུངས་ཞན་པའོ།། དལ་བྱིང་ནང་གྲང་ཐོན་ཕྱི་གྲང༌།། དལ་འཐིང་ནད་རྙིང་ཆུ་སྐྱུར་སྐྱུགས།། ཕོ་བར་སྐྲན་ཡོད་དལ་བུལ་ན།། གྲང་རྒུད་ཟས་མིད་དཀའ་བ་ཡིན།། དལ་ཕྲ་སྐྲང་འཁྲུ་གྲང་གྲུམ་བུ།། དལ་གུད་དབུགས་ཀྱི་རྒྱུ་བ་ཞན།། ལུས་ཤེད་ཉམས་ཤིང་ལུས་པོ་གྲང༌།། དལ་འཁྲུགས་ཁོང་པ་སྦོ་སྟེ་རྒྱས།། དལ་གྲིམ་དབུགས་གྲང་                       ངལ་དུབ་སྐྱེན།།གྲང་ཁྲག་འཁྲུགས་རྙིང་ཡིན་ཞེས་བཤད།།ཅེས་པས་བསྟན་ཏེ་གོ་བར་ཟད་དོ།།                                
                གཉིས་པ་དམིགས་བསལ་ནི། རྩ་མདོ་ལས།
                གཡས་ཚུན་དལ་ན་གྲང་གུད་འདུས།། གཡོན་ཚུན་དལ་ན་གྲང་གྲུམ་ངེས།། ཀྭན་དལ་ཕོ་ནད་བར་རྩའི་ནད།། ཆི་དལ་མཁལ་ནད་ལུས་ཟུངས་གུད།། ཆི་ལ་ཁྲག་གུད་ཚུན་དབུགས་གུད།། དབྱར་གསུམ་གཡོན་ཆི་དལ་བ་ན།། དྲང་སྲོང་གིས་ཀྱང་གསོ་བ་དཀའ།། གསུམ་ཀ་དལ་ན་མཁལ་ནད་གྲང༌།། པགས་རྩུབ་སྐྲང་སྤུ་རྡུལ་ཆགས་གཟེངས།། རྨི་ལམ་ཆུ་བརྒལ་འདྲེ་གདོན་མཐོང༌།། རྐང་པ་འདེགས་དཀའ་རྐེད་པ་ན།། གོས་མང་གྱོན་ཀྱང་དྲོས་མི་ཚོར།། ཞེས་པས་བསྟན་ཏེ། འདི་གོང་གི་ཚུན་དལ་སྙིང་གི་གྲང་བའི་ནད་སོགས་དང་སྦྱར་ནས་ཤེས་དགོས་སྟེ། དེ་ཡང་གཡས་ཀྱི་ཚུན་རྩ་དལ་བ་བད་ཀན་གྲང་བའི་ནད་དང༌།  ལུས་ཟུངས་ཞན་པའམ་གུད་པ་དང༌། གཡོན་ཚུན་ལ་བྱུང་ན་གྲང་བ་དང་གྲུམ་བུའི་ནད་དུ་བཟུང་བ་དང༌། ཀན་རྩ་གང་ཡང་དལ་ན་ཕོ་བའི་ནད་དང་བར་རྩ་སྟེ་འཇུ་བྱེད་ཀྱི་མེ་སྟོབས་ཉམས་པའི་ནད་དུ་བཟུང༌། ཆིའི་རྩར་དལ་བའི་མཚན་ཉིད་བྱུང་ན་མཁལ་མའི་ཟུངས་དང་ལུས་ཟུངས་ཉམས་པའི་ནད་དང༌། དེ་བཞིན་དམིགས་བསལ་ཆི་རྩ་དལ་ན་ཟུངས་ཁྲག་གུད་པ་དང༌། ཚུན་རྩ་གུད་ན་དབུགས་མི་ལྡང་བའི་ནད་དུ་བཟུང་བར་བྱའོ།། དབྱར་ཟླ་གསུམ་སྟེ་རྒྱུ་སྐར་ས་ག་དང༌། སྣྲོན་དང༌། ཆུ་སྟོད་ཀྱི་ཟླ་བ་རྣམས་སུ་ཕྱི་ནང་མེ་ཁམས་ཀྱི་སྟོབས་སུ་གྱུར་པའི་དུས་སུ་ཆིའི་རྩ་དལ་བའི་མཚན་ཉིད་ཅན་དུ་གྱུར་པའི་ནད་པ་ནི་སྨན་བླ་དྲང་སྲོང་དངོས་སུ་ཕེབས་ཀྱང་གསོར་མི་ནུས་སོ།།
                དེ་ཡང་ཚུན་ཀྭན་ཆི་གསུམ་གའི་རྩ་དལ་ན་མཁལ་མ་དང་ལུས་ཟུངས་མེ་དྲོད་དང་བཅས་པ་ཤིན་ཏུ་ཉམས་པའི་གྲང་ནད་སྟོབས་ཆེན་ཡིན་ཏེ། རྟགས་སུ་རླུང་གི་རྩུབ་པ་འཕེལ་བས་པགས་པའི་རེག་བྱ་རྩུབ་མོར་གྱུར་པ་དང༌། ལུས་ཟུངས་མཐར་ཕྱིན་པའི་མདངས་ཉམས་པས་སྐྲ་དང་གདོང་སོགས་ལ་རྡུལ་ཆགས་ཤིང་སྐྲ་དང་བ་སྤུ་གྱེན་དུ་གཟིངས་བ་དང༌། ལུས་ལ་ཆུ་ཁམས་སྟོབས་སུ་གྱུར་ནས་མེ་དྲོད་བཅོམ་པས་རྨི་ལམ་དུ་ཆུར་བྱིང་བ་དང༌། ཆར་གྱིས་སྦང་བ་སོགས་རྨི་ཞིང་འབྱུང་པོ་མ་རུང་བས་རྒྱུ་ལྟོ་འདྲལ་བ་སོགས་རྨི་ལམ་དུ་མཐོང་ཞིང་གོས་དྲོ་བ་དང་མང་དུ་གྱོན་ཀྱང་གྲང་སྙམས་བྱེད་པ་དང༌། མཁལ་མའི་བྱེད་ལས་དང་སྟོབས་ཉམས་པས་རྐང་པ་འདེགས་འཇོག་དཀའ་ཞིང་རྐེད་ཚིགས་གྲང་ཞིང་འདེགས་མི་ཐུབ་པར་ན་བ་སོགས་འབྱུང་བ་ཡིན་ནོ།།
                བཞི་བ། མགྱོགས་པ་བཤད་པ་ལ་གཉིས། སོ་སོར་བཤད་པ་དང༌། དམིགས་བསལ་ལོ།། དང་པོ་ནི་རྩ་མདོ་ལས།
                མགྱོགས་པ་སྟོབས་ཆེ་ཚ་བའི་ནད།། ཤེད་མེད་འབྲུམ་ཤར་ཟ་ཞིང་ན།། མགྱོགས་ཤིང་ཕྲ་ལ་ཤད་མེད་ན།། ཆུ་གུད་མེ་རྒྱས་རབ་ཏུ་འཇིགས།། མགྱོགས་ཐོན་མེ་རྒྱས་སྙིང་ག་གཟེར།། མགྱོགས་བྱིང་ངེས་པར་ནང་ཚད་ཡིན།། མགྱོགས་རིང་ཕྱི་ཚད་ནང་དུ་ཞུགས།། མགྱོགས་སྦོམ་ནད་རྒྱས་དྲི་མ་ཐོགས།། མགྱོགས་འཁྲུགས་བད་ཚད་སྟོད་དུ་འཚང༌།། ཡི་ག་འཆུས་ཤིང་སྐྱུགས་པའི་ནད།། ཅེས་པས་བསྟན་ཏེ། སྤྱིར་འགྲེལ་བ་ལ་མི་ལྟོས་པར་གོ་སླ་ཡང་ཐ་མའི་གསལ་བྱེད་ཀྱི་ཚུལ་དུ་འབྲུ་གཉེར་ནས་འགྲེལ་བ་ལ། གོང་དུ་བཤད་པ་ལྟར་ཕྱི་རྩ་བདུན་པོ་ཐོན་མགྱོགས་གཉིས་སུ་བསྡུས་ནས་ནད་གཞི་གཏན་ལ་འབེབས་པ་ལ། དེ་ཡང་མགྱོགས་པ་སྟོབས་ཆེན་ཏེ་ཤིན་ཏུ་མྱུར་བར་འཕར་ན་ཚ་བའི་ནད། མགྱོགས་ཤད་ཆུང་ན་འབྲུམ་བུའི་ཐོར་བ་ཕྱིར་དོན་པས་ཟ་བ་དང༌། མགྱོགས་པ་རྩ་རྒྱུད་ཕྲ་ལ་ཤད་མེད་པར་འཕར་ན་ཆུ་ཁམས་མཁལ་མའི་ནུས་པའམ་མེ་དྲོད་ཤོར་བས་ཕོ་བ་སོགས་བར་གྱི་འཇུ་བྱེད་ཀྱི་སྟོབས་ཉམས། མེ་ཁམས་སམ་ཁྲག་རྒྱས་པས་སྟེང་དུ་ཐོན་ན་ཁྲག་རྒྱས་པས་སྟོད་དང་སྙིང་ག་གཟེར། བློ་མི་བདེ། མགྱོགས་པ་གང་ཞིག་གཏིང་དུ་བྱིང་བར་འཕར་ན་ཚ་བའི་འོག་ཏུ་གབ་པའི་ནང་གི་ནད་དུ་བཟུང་དགོས་སོ།། མགྱོགས་ཤིང་འཕར་བའི་ཚེགས་རིངས་ན་ཕྱིའི་འགོ་ནད་དམ་ཆམ་པ་སོགས་ཕྱིའི་རྐྱེན་ལས་བྱུང་བའི་ཚ་བའི་ནད་དུ་གཟུང༌། མགྱོགས་ཤིང་རྩ་རྒྱུད་སྦོམ་པར་འཕར་ན་སྐྲང་བ་སོགས་ནད་རྒྱས་པ་དང༌། ཡང་ན་དྲི་མ་ཐོགས་པ་སྟེ་བཤང་བ་འགག་པའི་ནད་གཞིར་བཟུང་བར་བྱའོ།། མགྱོགས་ཤིང་འཁྲུགས་པའི་རྩ་ནི་བད་ཀན་སྟོད་དུ་འཚང་པས་གྱེན་རྒྱུ་དང་མེ་ཉམས་ཀྱི་རླུང་གི་རྒྱུ་ལམ་འགག་པས་ཁ་ཟས་ཀྱི་དང་ག་ཞན་པ་དང༌། དབུགས་འཚང༌། རེས་འགའ་དོན་མེད་དུ་སྐྱུག་པ་སོགས་ཀྱི་ནད་གཞིར་གཟུང་དགོས་སོ།
                གཉིས་པ་དམིགས་བསལ་ནི། རྩ་མདོ་ལས།
                ཚུན་མགྱོགས་བྲང་ཚ་མགོ་བོ་ན།། ཀྭན་མགྱོགས་ཁ་དྲི་མི་ཞིམ་སྐྱུགས།། ཆི་ལ་མྱུར་བ་མཁལ་མའི་ནད།། གཞིན་གཡིན་མགྱོགས་ན་རླུང་ཚད་འདུས།། ཁྱི་ཁེའུ་མགྱོགས་ན་ནད་གུད་ལུ།། ཀྭན་གཡོན་མཆིན་ཚད་མིག་གི་ནད།། ཀྭན་གཡས་བཤང་གཅི་འགག་པའི་ནད།། གསུམ་ཀ་མགྱོགས་ན་སྙིང་ཚད་དེ།། ལྕེ་སྟེང་འབྲུམ་ཤར་མཆུ་རྩུབ་གས།། སྨྲ་འཆོལ་མིག་འཕྲུལ་འདྲེ་གདོན་མཐོང༌།། ཆུ་གྲང་ཕོར་བ་བརྒྱས་མི་ངོམས།། ཞེས་པས་བསྟན་ཏེ། དེ་ཡང་གོང་གི་ཚུན་མྱུར་མགོ་བོ་ནང་གི་ནད། སོགས་དང་སྦྱར་ནས་ཤེས་དགོས་ཏེ། ཚུན་རྩ་སྤྱིར་མགྱོགས་ན་བྲང་དང་མགོ་བོར་ཚ་བའི་ནད་ཀྱིས་འཚེ་བའི་རྟགས་དང༌། དེ་བཞིན་ཀྭན་རྩ་ལ་བྱུང་ན་ཟས་མ་ཞུ་བས་ཁར་དྲི་ངན་བྲོ་བ་དང༌། གྱེན་དུ་སྐྱུགས་པ་དང༌། གཞིན་ཡིན་ཏེ་ཚོན་རྩ་གཡོན་མགྱོགས་ན་རླུང་ཚད་དེ་རླུང་གིས་ཚད་ལྷག་བུས་པ་དང༌། ཁྱི་ཁེའུ་སྟེ་གཡས་མགྱོགས་ན་གློ་གཅོང་ལྟ་བུ་ལུས་ཟུངས་གུད་པ་དང་ལུ་བའི་ནད་དུ་གཟུང༌། ཀྭན་རྩ་གཡོན་པར་བྱུང་ན་མཆིན་པའི་གནས་སུ་ཚ་བ་ཞུགས་པ་དང༌། དེ་བཞིན་མཆིན་པའི་ནད་ཀྱིས་རང་གི་མེ་ཏོག་མིག་ལ་གཙེས་པའི་རྟགས་དང༌། ཀྭན་རྩ་གཡས་པར་བྱུང་ན་བཤང་གཅི་འགག་པའི་ནད་དུ་གཟུང་དགོས། གནས་གསུམ་ཀའི་རྩ་མྱུར་ན་སྙིང་ཚད་ཚབ་ཆེན་ཡིན་ཏེ། རྟགས་སུ་སྙིང་གི་འབྱོར་བ་ལྕེ་སྟེང་དུ་རླུང་འབྲུམ་དམར་རྩིམ་ཤར་བ་དང༌། ལྕེ་དང་མཆུ་སྐམ་ཁོག་ཏུ་གྱུར་ཅིང་རྩུབ་ཉམས་དང་བཅས་ཏེ་གས་པ་དང༌། སྙིང་ལ་ཚ་བ་རྒྱས་ཏེ་སྲོག་རྩར་ལམ་དོད་པས་བླ་འཆོལ་སྨྲ་བ་དང༌། སྲོག་རླུང་རྒྱུ་བའི་བུ་ག་རྣམས་ཚ་བས་བཀག་པས་རྨི་ལམ་དུ་ཁང་ཁྱིམ་སོགས་མེས་བསྲེག་པ་དང༌། ཡི་དྭགས་ཀྱིས་བདས་པ་སོགས་རྨི་ལམ་མི་བཟང་བ་སྣ་ཚོགས་མཐོང་བར་འགྱུར་བ་ཡིན། དེ་བཞིན་ལུས་ཀྱི་ཚ་དྲོད་རྒྱས་པས་ཆུ་གྲང་བརྒལ་བ་དང་འཐུང་བ་སོགས་བྱས་ཀྱང་འཕྲལ་དུ་སྐོམ་ཞིང་སླར་ཡང་ཆུ་འཐུང་བར་འདོད་པ་སོགས་ཆུས་མི་ངོམ་པ་འབྱུང་བ་ཡིན་ནོ།། ཞེས་པའི་དོན་ཏོ།།
འགྱུར་བྱང་ནི་མི་སྣང་ངོ༌།།
སྨྲས་པ།

                གང་དག་མཐའ་ཡས་བདེ་བའི་དབྱིགས་བརྙེད་ཕྱིར།།
                རྣམ་དཀར་དགེ་བའི་རྒྱ་མཚོར་འཇུག་འདོད་ན།།
                རྨད་བྱུང་རྗེས་འཛིན་རིག་པའི་གཟེངས་ཆེན་འདི།།
                བློ་ལྡན་སྐྱེ་བོ་དག་གིས་བསྟེན་བྱ་ཡིན།།

                གྲགས་སྙན་གཏེར་དང་ཡོན་ཏན་བྱེ་བའི་མཛོད།།               
                ཡིད་བཞིན་ནོར་བུའི་དཔལ་དང་རབ་མཉམ་པའི།།
                ལྷ་མི་མཆོག་གི་བསོད་ནམས་ཡོན་ཏན་ལ།།
                སྤྱོད་པ་གསོ་བ་རིག་པ་འདི་ལ་བསྟོས།།
               
                དེང་ནི་རྒྱལ་བསྟན་མིང་གི་ལྷག་མ་ཙམ།།        
                རྣ་བའི་རྒྱན་དུ་གྱུར་དང་ལྷན་ཅིག་ཏུ།།
                འཆི་མེད་སྒྲུབ་པ་གསོ་བ་རིག་པ་ཡང༌།།
                རོ་ལ་གསོན་པོར་བཟུང་བའི་ཚུལ་དུ་མཆིས།།
               
                མེས་པོས་ངལ་བརྒྱས་སྒྲུབ་པའི་རིན་ཆེན་དབྱིགས།།
                ཕྱག་དར་ཁྲོད་དུ་འདོར་ཞིང་དེང་དུས་ཀྱི།།
                འཆིང་བུ་ལེན་ལ་ངོ་ཚ་རིང་བྲལ་བའི།།
                བླུན་རྨོངས་ཚོགས་ཀྱིས་ས་འདི་དོགས་པར་ཁེངས།།

                ཕྲག་དོག་མུན་པའི་ཁུང་བུར་གནས་བཅས་ཤིང༌།།
                ལོག་འཚོའི་སྨྲ་བའི་འབབ་སྟེགས་ཟུང་བརྐྱངས་བའི།།
                འཚོ་བྱེད་དུག་གི་ལུས་ཅན་མ་རུང་འགས།།
                འགྲོ་སྲོག་རིག་པ་འདི་གཉིས་ལྷན་ཅིག་བཅོམ།།

                འདི་ན་ལེགས་བཤད་ནོར་ལྡན་སྐྱེ་བོ་དཀོན།།
                དེ་ལས་གཟུར་གནས་ཉན་མཁན་འགྲོ་བ་དཀོན།།
                དེས་ན་ལེགས་ཉེས་མེད་པའི་བསྐལ་པ་ཞེས།།
                བསྒྲོགས་ན་དེ་ནི་དོན་དང་ལྡན་པར་འཁུམས།།

                ཀྱེ་མ་ཁོ་བོ་བསོད་ནམས་མཐུ་ཟད་པས།།
                ཆོས་ནུབ་ལོག་སྤྱོད་དར་བའི་དུས་ཀྱི་མཐའ།།
                བླུན་པོ་མཆོད་ཅིང་མཁས་རྣམས་རྡོ་བཞིན་འདོར།།
                ཆོས་ལྡན་བརྙས་པའི་སྐབས་འདིར་འཚོ་བ་རྙེད།།
               
                རྟེན་འདི་འཚོ་བ་དོན་མེད་ཐོབ་པ་ལས།།
                སྨོན་ལམ་བཟང་པོས་འཚམས་སྦྱར་འདོར་བ་ལ།།
                གདམས་ཀྱང་ལས་ཀྱིས་འབྲེལ་བའི་སྐྱེ་བོ་འགར།།
                འཕྲལ་གྱི་དགོས་མཁོར་དབུགས་ཀྱི་རྒྱུ་བ་བཟུངས།།
               
                འཕགས་བོད་མཁས་པའི་ལེགས་བཤད་ནོར་བུའི་ཚོགས།།
                ཕྱག་བདར་ཁྲོད་དུ་ངལ་གསོ་ཐོབ་དུས་འདིར།།
                བླུན་རྨོངས་བདག་འདྲས་འཆིང་བུ་འཆོས་པ་ལ།།
                བློ་ལྡན་རྣམས་ནི་བཞད་བགད་འཆོར་བའི་གནས།།

                འོན་ཀྱང་སྔོན་བྱོན་བོད་ཀྱི་མཁས་རྣམས་དང༌།།
                ཁྱད་པར་སྙིགས་མའི་དུས་སུ་ཕེབས་ན་ཡང༌།།
                མཛད་ཕྲིན་ལྷག་པ་པཎ་ཆེན་ཐམས་ཅད་མཁྱེན།།
                སྨན་རྒྱལ་བསྟན་པའི་ཉིན་བྱེད་གང་དེ་ཡི།།

                རྣམ་ཐར་བཟང་པོར་རྗེས་སུ་སློབ་ཕྱིར་དང༌།།    
                གང་གི་མཛད་པའི་ཆ་ཤས་རེ་རེ་ཡང༌།།
                ནུབ་ལ་ཅུང་ཟད་བསྲིང་བའི་རེ་བ་ཡིས།།        
                ཚུལ་འདིར་སྒོ་གསུམ་དང་བས་འབད་པ་བྱས།།
               
                འོན་ཀྱང་རིག་ལམ་རྒྱ་མཚོ་གཏིང་ཟབ་ཅིང༌།།
                སྔོན་གྱི་དེད་དཔོན་གཞན་ཡང་མ་བགྲོད་པས།
                ཁོ་བོར་ཐོབ་པའི་དོན་གྱི་ནོར་བུ་འདིར།།
                བློ་ལྡན་རྣམས་ཀྱིས་བྱི་དོར་མཛད་དུ་གསོལ།།
               
                འདིར་འབད་དགེ་བས་རྒྱལ་བསྟན་ལང་ཚོའི་དཔལ།།
                མངོན་པར་དགོད་པའི་འཛུམ་དཀར་གསལ་བ་ཡིས།།
                ནག་ཕྱོགས་བདུད་སྡེའི་དྲེགས་པའི་རྒྱལ་མཚན་ནི།།
                ངོ་ཚའི་གོ་འཕང་ཅི་ཡང་ཐོབ་གྱུར་ཅིག།
               
                རྒྱལ་བསྟན་སྙིང་པོ་འཛིན་པའི་སྲོག་གཅིག་པུ།།
                བསྟན་འཛིན་རྒྱ་མཚོའི་གསང་གསུམ་མཛད་ཕྲིན་ཉི།།
                ལུས་ཅན་བདེ་དགའི་པད་ཚལ་རྒྱས་པའི་དཔལ།།
                འགྲོ་འདིའི་བསོད་ནམས་མཁའ་ལ་རྟག་འཆར་ཤོག། ཅེས་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་འགྱུར་གསར་རྒྱ་ནག་ལུགས་ཀྱི་རྩ་མདོའི་འགྲེལ་བ་ཉུང་གསལ་འདི་ནི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དེ་ཉིད་འགྲོ་བའི་མགོན་དུ་སྲིད་པ་བཟུང་ནས་ལོ་གྲངས་སུམ་བརྒྱ་འཁོར་བའི་དུས་སུ། མགོན་པ་གང་ཉིད་ཐུན་མོང་དང་ཐུན་མོང་མིན་པའི་རིག་པའི་གནས་མཐའ་དག་ལ་ལེགས་པར་སྦྱངས་ཏེ་མཐར་རང་གིས་ཇི་ལྟར་གཟིགས་པའི་དོན་མ་ལུས་པ་གདུལ་བྱ་རྣམས་ལ་རྗེས་སུ་བརྩེ་བས་འདོམ་པ་ལ་བརྟེན་ནས་བོད་སྤྱི་དང༌། ཁྱད་པར་མདོ་སྨད་ཀྱི་ཡུལ་དུ་ལྔ་ཕྲག་རིག་པའི་གནས་ལ་མཁས་པའི་སྐྱེས་ཆེན་དམ་པས་ས་གཞི་ཁྱབ་པ་ལྟར་བསྐྲུན་ཞིང༌། ལྷག་པར་གསོ་བ་རིག་པའི་གཞུང་ལུགས་ལག་ལེན་དང་བཅས་པ་ཉམས་པ་རྨང་ནས་གསོས་ཤིང་སྔར་མེད་གསར་བསྣོན་མཛད་པའི་ཕྲིན་ལས་ཀྱིས་དུས་ཀྱི་མཐའ་འདིར་ཡང་རིག་པ་འདིའི་ལག་ལེན་མན་ངག་ཅུང་ཟད་ལྷག་མར་གནས་པ་ནི་གང་གི་ཐུགས་རྗེ་དང་བཀའ་དྲིན་ཉག་ཅིག་ལས་བྱུང་བ་ཡིན་པ་རྗེས་སུ་དྲན་པའི་སླད་དུ། འཇམ་དབྱངས་ངུར་སྨྲིག་འཛིན་པའི་རྣམ་པར་རོལ་བ་སྡེ་དགེ་བ་མཁན་ཆེན་ཁྲོ་རུ་ཚེ་རྣམ་སོགས་དམ་པ་དུ་མའི་ཞབས་ལ་བསྙེན་པའི་བསྐལ་བཟང་ཐོབ་ཅིང༌། རིག་པ་འདིའི་སྐོར་ལ་ཕྱོགས་མགོ་དོད་ཙམ་པ་མདོ་སྟོད་ཤོད་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་དཀར་ཤོད་འབྲུའི་ཡུལ་དུ་ལེྟ་བ་བཅད་པ་བློ་བཟང་བསྟན་འཛིན་གྱིས། ཐམས་ཅད་མཁྱེན་པ་གང་ཉིད་ལྷུམས་སུ་ཞུགས་པའི་དུས་ཁྱད་པར་ཅན་ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༠༦ ས་ག་ཟླ་བར་འཕགས་པ་ཕྱག་ན་པད་མོས་རྒྱལ་ཐབས་ཀྱི་འཁོར་ལོས་བསྒྱུར་བའི་གནས་དྷརམ་ས་ལར་དབུ་བཙུགས་ཏེ། བསྟན་པའི་བདག་པོས་གང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ལྗོངས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སཱརནཱཐཱར་མཇུག་གྲུབ་པར་བགྱིས་པའི་ཡི་གེ་བ་ནི་སོག་རུ་ཨོ་རྒྱན་གྱིས་བགྱི་པའོ།།




No comments: