Search This Blog

Thursday 14 April 2011

3 བོད་ཀྱི་གསོ་རིག་གི་སེམས་ཁམས་རིག་པའི་རྣམ་བཞག་མདོར་བསྡུས་སུ་བརྗོད་པ་ས་བོན་གྲུང་པོ་ཞེས་བྱ་བ།

                ཁམས་གསུམ་སྲིད་པའི་གཞི་དང་མྱང་འདས་ཀྱི།།
                རྩ་བར་གྱུར་ཅིང་ཤེས་བྱར་སྣང་བ་དང༌།།
                ངོ་བོ་སྟོང་པ་དབྱེར་མི་ཕྱེད་པ་ཡི།།
                རང་བཞིན་འོད་གསལ་སེམས་ཀྱི་གཤིས་ལ་འདུད།།



                སྲིད་ཞི་ཀུན་གྱིས་བསྟེན་འོས་དཔལ་གྱུར་ཅིང༌།།
                གཞོམ་བྲལ་དམ་པ་ཀུན་ཁྱབ་ཆོས་ཀྱི་སྐུ།།
                གདུལ་བྱའི་ཁམས་བཞིན་སྣ་ཚོགས་གཟུགས་སྐུ་ཉིད།།
                དབྱེར་མེད་དང་པོའི་མགོན་པོར་ཕྱག་བགྱིའོ།།
       
                གཞི་ཡི་རྩ་རླུང་ཐིག་ལེ་རྣམ་པ་གསུམ།།
                ལམ་དུ་བསྐྱེད་རྫོགས་ཟུང་འཇུག་རྣམ་གསུམ་གྱིས།།
                སྦྱངས་པས་ཆོས་ལོངས་སྤྲུལ་སྐུ་རྣམ་གསུམ་གྱི།།
                བདག་ཉིད་གཉུག་མའི་གཤིས་འདི་ངོ་མཚར་གནས།།
       
                བོད་ཀྱི་རིག་གཞུང་རིན་ཆེན་འབྱུང་གནས་ལས།།
                འོང་བའི་སེམས་ཁམས་རིག་པའི་ནོར་བུ་འགའ།།
                ཚིག་གི་སྲིད་བུར་སྟར་བའི་དོ་ཤལ་འདི།།
               དཔྱོད་ལྡན་རྣམས་ཀྱིས་མཛེས་པའི་རྒྱན་དུ་ལོངས།། དེ་ལ་བོད་ཀྱི་གསོ་བ་རིག་པ་ནི་ཕྱོགས་གཅིག་ཁོ་ན་དང༌། དུས་ལན་གཅིག་ཁོ་ན་ཙམ་མ་ཡིན་པར་ཤེས་བྱ་རིག་པའི་གནས་མཐའ་དག་ལས་གྲུབ་པའམ་ཤེས་བྱ་མཐའ་དག་འདུས་པའི་རྒྱ་མཚོ་ལྟ་བུ་ཡིན་ཅིང༌། རྣམ་དཔྱོད་ཀྱི་གྲུ་གཟིངས་ལ་ཐོས་བསམ་གྱི་བ་དན་འཕྱར་ཞིང་བརྩོན་པའི་རླུང་ཤུགས་ཀྱིས་བསྐུལ་ཏེ། དེད་དཔོན་མཁས་པའི་མགོན་དང་བཅས་ཏེ་འཇུག་ན་དོན་གྱི་ནོར་བུ་སྣ་ཚོགས་པ་མཐའ་གཏུག་པ་མེད་པ་འབྱུང་བ་ལ་སོམ་ཉི་མེད།
དེ་བཞིན་དུ་སྤྱི་ཚོགས་ཀྱི་ཆོས་ཉིད་རྫོགས་ལྡན་ནས་སྙིགས་མ་ལྔ་བདོའི་མཐར་ཐུག་གི་བར་གྱི་དུས་བསྐལ་རིང་མོར་འཕེལ་འགྱུར་སྣ་ཚོགས་ཀྱི་བག་ཆགས་ཟབ་མོ་བསྒོས་ཡོད་པས་དེ་ལས་ད་དུང་དུས་དང་གནས་སྐབས་དང་འཚམས་པའི་ལུས་སེམས་བདེ་བར་གནས་པའི་རྒྱུ་དང་རྐྱེན་དུ་གྱུར་པ་ཇི་ཙམ་སྤྱད་ཀྱང་འཛད་པའི་མཐའ་ཅན་དུ་མི་འགྱུར་བ་ནི་ཆོས་ཉིད་ཀྱི་རང་གཤིས་སམ་སངས་རྒྱས་ཀྱི་ཕྲིན་ལས་གང་ལ་བསམས་ཀྱང་རིགས་པ་ཡང་དག་གི་རྒྱབ་རྟེན་དང་བཅས་པ་ཡིན།
དེ་ལ་དེང་དུས་རིག་གསར་གྱི་གསོ་བ་རིག་པ་དང༌། རྒྱ་གར་གྱི་ཚེའི་རིག་བྱེད་སོགས་ཀྱི་གསོ་ཐབས་ཉམས་ལེན་བྱེད་མཁན་རྣམས་ཀྱིས་ནད་རིགས་འགའ་ཞིག་ལ་སྨན་དཔྱད་ཁོ་ནས་ཕན་པ་རྔོ་མ་ཐོགས་པ་དག་ལ་སེམས་ཁམས་རིག་པའི་ཐབས་ལམ་སྣ་ཚོགས་བཀོལ་ནས་བཅོས་ཐབས་བྱེད་མཁན་མང་པོ་མཐོང་རྒྱུ་ཡོད། རྒྱུ་མཚན་ནི། དེང་སང་གི་འཇིག་རྟེན་འདི་ཉིད་འཇིགས་དངངས་དང༌། ང་རྒྱལ་གནོད་སེམས། ཕྲག་དོག འགྲན་སེམས་ཀྱིས་ཡོངས་སུ་ཁེངས་པ་ཆེས་སྙིགས་མའི་དུས་སུ་སླེབ་ཅིང༌། དེར་གནས་པའི་འགྲོ་བ་རྣམས་དངོས་ཤུགས་བརྒྱུད་པས་སྙིགས་མའི་སྤྱོད་ངན་གྱིས་ཕྱི་ནང་ཀུན་ནས་གཙེས་པས་མི་འདོད་སྡུག་བསྔལ་གྱི་ཀློང་དུ་ཚུད་ཅིང་ཚད་མི་འདྲ་བའི་སེམས་ཁམས་ཀྱི་ནད་ཅན་དུ་མ་གྱུར་བ་མེད་པ་ལྟར་གྱུར་པས་བཅོས་ཐབས་དེས་ལུས་སེམས་ཀྱི་ནད་ལ་ཕན་ཐོགས་རྒྱ་ཆེན་བྱུང་བས་ན་དེང་སང་འཛམ་གླིང་གང་སར་ཚད་གཞི་མི་འདྲ་བའི་ཐོག་ནས་རིག་པ་དེར་བརྟག་ཞིབ་དང༌། སྔོགས་འདོན་བྱས་ཏེ། གོང་འཕེལ་འགྲོ་བཞིན་པ་མ་ཟད། དེ་ནི་མིའི་ལུས་སེམས་བདེ་ཐང་གི་འབྱུང་རྩའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད།
སེམས་ཁམས་རིག་པའི་བྱུང་བ།
      སྤྱིར་འཛམ་གླིང་འདིར་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་འགྲོ་བའི་དུས་རིམ་གང་མཚམས་སླེབ་རྗེས་ཐོག་མར་ལུས་ནད་སྨན་བཅོས་ཀྱི་གསོ་བ་རིག་པ་བྱུང་ཞིང༌། རྗེས་སུ་སྨན་བཅོས་ཀྱིས་མ་ཕན་པའི་སེམས་ཁམས་ནད་རིགས་སྣ་ཚོགས་ལ་ངོས་འཛིན་དང་བརྟག་ཞིབ་མ་བྱས་ཀ་མེད་ཀྱི་གནས་ཚུལ་འོག་གསོ་བ་རིག་པའི་ཐོག་ལ་སེམས་ཁམས་ཀྱི་ནད་རིགས་འགོག་བཅོས་བྱ་ཐབས་དང༌། སེམས་ཁམས་རིག་པའི་ལྟ་བ་མི་འདྲ་བ་སྣ་ཚོགས་གཞི་ནས་བྱུང་བ་ཡིན་པ་ཤེས་ཐུབ། རྒྱུ་མཚན་ནི་ཐོག་མར་རྒྱ་གར་དུ་ཚེའི་རིག་བྱེད་དར་ཞིང་དེ་ནས་རིག་བྱེད་ཀྱི་གཞུང་དང༌། མུ་སྟེགས་པའི་གྲུབ་མཐའ་རྣམས་བྱུང་བ་དང༌། དེ་ནས་ནང་བསྟན་དར་འཕེལ་དང་ནང་གསེས་གྲུབ་མཐའ་སྨྲ་བ་བཞི་དང༌། མདོ་སྔགས་གཉིས་ཀྱི་སེམས་ཁམས་རིག་པ་ཁག་རྣམས་བྱུང་བ་ཡིན། དེ་ཡང་ཆེས་སྔ་བར་དར་བའི་རྒྱ་གར་གྱི་རིག་བྱེད་ཀྱི་གཞུང་དང༌། དེ་བཞིན་ཚེའི་རིག་བྱེད་དང༌། བོད་ཀྱི་གསོ་བ་རིག་པ་སོགས་ལས་སེམས་ཁམས་རིག་པ་རྒྱས་བསྡུས་སྣ་ཚོགས་ཀྱི་སྒོ་ནས་བསྟན་ཡོད་པ་དང༌། ལྷག་པར་དུ་ནང་པའི་གཞུང་ལུགས་རྣམས་སུ་སེམས་ཀྱི་ངོ་བོ་དང༌། དེའི་བྱ་བ། དེ་ཉིད་བདེ་བའི་རྒྱུར་བསྒྱུར་ཐབས་སོགས་ཆེས་གཏིང་ཟབ་པོས་གཏན་ལ་ཕབ་ཡོད།
དེ་བཞིན་གྷི་རིག་སེ་དང༌། རོམ་ལ་མིའི་འགྲོ་བ་ལ་སྨན་པའི་རིག་གཞུང་སྣ་ཚོགས་དང༌། ཚན་རིག་ཡར་རྒྱས་འགྲོ་བའི་རྒྱུད་རིམ་ནང་མཁས་དབང་ Thales (640 BC) ཡིས་མིའི་དཔྱད་ཀྱི་ཚན་རིག་གི་ལྟ་བ་གཏན་འབེབས་མཛད། Alkeyon (460-370) ཁོང་ནི་གྲ་བཅོས་པ་ཞིག་ཡིན་ཅིང་དེས་དབང་ལྔའི་ཤེས་པ་རྣམས་སེམས་དང་འབྲེལ་བ་ཡོད་པར་རྟོགས་ཤིང༌། དེ་བཞིན་སྨན་གྱི་མེས་པོར་གྲགས་པ་ Hippocrates ཡིས་སེམས་ཁམས་ནི་ནད་གཞི་ཀུན་གྱི་འབྱུང་རྩ་ཡིན་པ་དང༌། དེའི་བཅོས་ཐབས་སུ་ཟས་སྤྱོད་གཟབ་པ་དང༌། དེ་བཞིན་གླུ་གཞས་གཏོང་བ། གཏར་ཁ་འདེབས་པ་སོགས་ཀྱི་བཅོས་ཐབས་གཏན་ལ་ཕབས། དེ་ནས་རོམ་དང་གྷི་རིག་གི་རིག་གཞུང་རྫོགས་ནས་སེམས་ཁམས་ཀྱི་སྨན་དཔྱད་ནི་སླར་ཡང་ཆེས་སྔ་དུས་སུ་སླར་ལོག་གྱུར་ནས་རྡུང་རྡེག་དང༌། གནས་ནས་སྐྲོད་པ། དབུགས་པ་དང༌། དུ་བས་བདུགས་པ་སོགས་ཀྱི་དཔྱད་རྣམས་བྱས། དེ་ནས་རིམ་པས་ཧཕརནསེའི་མཁས་པ་ Penal (1745-1782) དེ་བཞིན་ཨ་རིའི་མཁས་པ་ Deks (1802-1887) དབྱིན་ཇིའི་མཁས་པ་ Donald Duke (1827-1897) བཅས་ནས་རང་རང་གི་ཡུལ་དུ་སེམས་ཁམས་ཀྱི་ནད་གཞི་གསོ་བཅོས་ཆེད་ཚད་འདྲ་མིན་གྱི་སྨན་ཁང་གསར་བཙུག་དང༌། དེ་སྔ་རོམ་དང་གྷི་རིག་སེའི་སེམས་ཁམས་ཀྱི་ལྟ་གྲུབ་སོགས་ལ་སྐྱར་ཞིབ་དང༌། གཏན་འབེབ་སྨན་བཅོས་ལག་བསྟར་བཅས་མཛད། ལྷག་པར་མཁས་དབང་ Witmer (1896-) མཆོག་ནས་སེམས་ཁམས་ཀྱི་ནད་གཞི་གསོ་བཅོས་ཀྱི་རིག་པ་གཏན་འབེབས་མཛད། འོན་ཀྱང་དེ་དག་བྱིས་པ་གཙོ་བོ་བཟུང་ནས་བཅོས་ཐབས་ཡིན།
སེམས་ཁམས་རིག་པ་ཞེས་པའི་ཐ་སྙད་ཐོབ་སྟངས་ཀྱི་དབང་དུ་བྱས་ན་ (Psycho-logy) གོ་དོན་ནི་སྔ་མ་རྣམ་ཤེས་དང་ཕྱི་མ་རིག་པ་ཡིན་ཅིང་རྣམ་ཤེས་རིག་པ་ཞེས་པར་འགྱུར་ཐུབ། དེ་ལ་སེམས་ཁམས་རིག་པ་ཞེས་པའི་མིང་དངོས་ནི་ཇར་མན་གྱི་ཚན་རིག་པ་ (R. Gockei) གྱིས་ ༡༩༥༠ ལོར་དཔྱད་རྩོམ་སྤེལ་བར་འཁོད་ཅིང༌། དེ་ནས་ཀུན་ཁྱབ་ཏུ་དེ་ལྟར་འབོད། དེ་བཞིན་རྒྱལ་ཁབ་དེའི་སེམས་ཁམས་རིག་པ་མཁས་ཅན་ (Wichel Riu. Wundt) ཡིས་འཇར་མན་གཙུག་ལག་སློབ་ཁང་དུ་སེམས་ཁམས་ཚོད་ལྟ་ཁང་གསར་འཛུག་བྱས་ཏེ། དེ་ཉིད་མྱུར་ཚད་མགྱོགས་པོས་གོང་འཕེལ་ཕྱིན་ནས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཞིབ་འཇུག་སྡེ་ཚན་ཞིག་ཏུ་གྱུར། རིམ་པས་སེམས་ཁམས་རིག་པ་དེ་ཉིད་གལ་ཆེན་ཚན་རིག་གི་རང་བཞིན་ཅན་དུ་གྱུར་ནས་ཞིབ་འཇུག་གི་དམིགས་ཡུལ་ཀྱང་སྣ་ཚོགས་སུ་དབྱེ་བ་ནི་སློབ་གསོའི་སེམས་ཁམས་རིག་པ། དེ་བཞིན་བཟོ་ལས་ཀྱི་སེམས་ཁམས་རིག་པ། སྒྱུ་རྩལ་གྱི་སེམས་ཁམས་རིག་པ། རྩོམ་རིག་གི་སེམས་ཁམས་རིག་པ། གསོ་རིག་གི་སེམས་ཁམས་རིག་པ་སོགས་མང་དུ་དབྱེ་ཞིང་དེ་དག་ད་ལྟ་མྱུར་ཚད་མགྱོགས་པོས་ཡར་རྒྱས་འགྲོ་བཞིན་པར་སྣང༌།།
སེམས་ཁམས་རིག་པ་ནི་བོད་ཀྱི་གསོ་བ་རིག་པའི་གྲུབ་ཆ་གལ་ཆེ་ཞིག་ཡིན།
      ད་བར་བོད་ཀྱི་རིག་པའི་གཞུང་ལུགས་ཁག་དང༌། ལྷག་པར་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་རྣམས་ལས་སེམས་ཁམས་རིག་པ་ཞེས་པའི་ཐ་སྙད་བཏགས་པའི་གཞུང་ཞིག་ཟུར་དུ་མཐོང་རྒྱུ་མེད་སྟབས་བོད་ཀྱི་གསོ་བ་རིག་པ་སོགས་ལ་ཐོས་རྒྱ་ཆུང་བ་འགའ་ཞིག་གིས་བོད་རིགས་དང༌། བོད་ཀྱི་གསོ་བ་རིག་པ་ལ་སེམས་ཁམས་རིག་པ་ཨེ་ཡོད་སྙམ་པ་དང༌། ཐ་ན་སེམས་ཁམས་རིག་པ་མེད་པར་སྨྲ་བ་ཡང་ཡོད་སྲིད། དངོས་དོན་དེ་ལྟར་མིན་པར་བོད་ལ་སེམས་ཁམས་རིག་པའི་གཞུང་ཞིག་ཡོད་པ་ཙམ་དུ་མ་ཟད། དེ་ནི་འཛམ་གླིང་འདིར་ད་ཡོད་ཀྱི་སེམས་ཁམས་རིག་པའི་གཞུང་རྣམས་ཀྱི་ནང་ནས་ཆེས་རྨད་དུ་བྱུང་ཞིང་ཆ་ཡོངས་སུ་རྫོགས་པའི་ཐུན་མོང་མིན་པའི་གཞུང་ཞིག་རེད་ཅེས་ཁོ་བོ་མགྲིན་པ་བཏེགས་ཏེ་སྐད་གསང་མཐོན་པོས་བརྗོད་པ་ལ་ངོ་གནོང་དགོས་དོན་ཅི་ཡང་མེད།
        དེ་ཡང་བོད་ཀྱི་གསོ་རིག་སྨྲ་བ་ཚོས་གསོ་ཡུལ་དང་གསོ་བྱེད། གསོ་ཐབས་རྣམས་སུ་གཏིང་ཟབ་ཀྱིས་བརྟག་ཞིབ་དང༌། རང་གི་དངོས་མཐོང་ཉམས་རྟོགས་རྣམས་གཞན་དོན་ཁོ་ནར་དམིགས་ཏེ་ཡི་གེར་བཀོད་པ་དང༌། དེ་བཞིན་མཁས་པ་རྗེས་མ་རྣམས་ཀྱིས་ཀྱང་སྔོན་བྱོན་མཁས་པའི་གཞུང་ལུགས་ཁག་ལ་རང་གིས་གནས་ལུགས་ཀྱི་དོན་ལ་དཔྱད་པའི་ཉམས་རྟོགས་ཀྱིས་བརྒྱན་ཏེ་ལེགས་པར་སྤེལ་བས་ད་ཡོད་ཀྱི་བོད་ཀྱི་གསོ་བ་རིག་པའི་རིག་པའི་གཞུང་ལུགས་དང༌། ལག་ལེན་གྱི་ཁོ་ལག་ཡོངས་སུ་རྫོགས་པ་འདི་དག་བྱུང་བ་ཡིན། དེ་ལྟ་བུའི་ཆ་ཤས་ཡོངས་སུ་རྫོགས་པའི་རིག་པའི་གཞུང་ལུགས་དེའི་ཁྲོད་དུ་སེམས་ཁམས་ཀྱི་ངོ་བོ། སེམས་ཁམས་ཀྱི་བྱེད་ལས། སེམས་ཁམས་ཀྱི་རྟེན། སེམས་ཁམས་ཀྱི་དབྱེ་བ། སེམས་ཁམས་ཀྱི་སྐྱོན་ཡོན་སོགས་དང༌། ལྷག་པར་སེམས་ཁམས་རིག་པ་སྨྲ་བའི་མཁས་པ་དུ་མས་ཤིན་ཏུ་གསང་བ་དང༌། རྟོག་དཀའ་བ་དང༌། ལྐོག་གྱུར་ཅན་སོགས་ཐ་སྙད་སྣ་ཚོགས་བཏགས་ཏེ་གཡོལ་ཐབས་དང༌། བཏང་སྙོམས་སུ་བཞག་པའི་དཀའ་གནད་སེམས་ཁམས་ཀྱི་གཞིའམ་རྩ་བར་གྱུར་པའི་རྣམ་པར་ཤེས་པ་ནི་ལུས་ལས་རྫས་ཐ་དད་ཡིན་པ་དང༌། གནས་སྐབས་ལུས་སེམས་འབྲེལ་བ་འགྲུབ་བྱེད་ཀྱི་རྒྱུ་རྐྱེན་རྣམས་ལ་ཞིབ་མོ་རྣམ་པར་འཐག་པའི་སྒོ་ནས་འོ་མ་ལས་མར་དང༌། ཏིལ་ལ་ཏིལ་མར་གྱི་ཚུལ་དུ་དངོས་ཤུགས་ཅི་རིགས་པས་ལེགས་པར་གཏན་ལ་ཕབས་ཡོད། ང་ཚོས་བློ་གྲོས་ཀྱི་མཐུ་བསྐྱེད་དེ་བོད་ཀྱི་གསོ་བ་རིག་པའི་སེམས་ཁམས་ཀྱི་རིག་པ་ཞེས་རྣམ་པ་དུས་རབས་གསར་པའི་སློབ་གཞིའི་རྣམ་པར་བོད་ཀྱི་རིག་པའི་གཞུང་ལུགས་སྤྱི་དང༌། ལྷག་པར་གསོ་བ་རིག་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལས་སྙིང་པོའི་ཚུལ་དུ་བླངས་ཏེ་ཁྱབ་སྤེལ་དང༌། ཞིབ་འཇུག་དང༌། ལག་ལེན་འཐུས་ཚང་བཅས་བྱེད་རྒྱུ་ནི་བོད་ཀྱི་གསོ་བ་རིག་པ་ཡར་རྒྱས་དང༌། བརྒྱུད་འཛིན་དེའི་དགོངས་དོན་འགྲོ་བའི་ཆེད་དུ་ལག་ལེན་བསྟར་བའམ་ཉམས་ལེན་བྱེད་པ་ཞིག་ཡིན། མ་ཟད་འཇིག་རྟེན་འདིར་ཡོད་པའི་སེམས་ཁམས་རིག་པ་ཞིབ་འཇུག་དང་ལག་ལེན་མཛད་མཁན་རྣམས་ལ་ལེགས་སྐྱེས་གསར་པ་ཞིག་ཕུལ་བ་ཡིན་ཅིང༌། དེ་ཉིད་འབུལ་ཚན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་ངེས་དང༌། བོད་ཀྱི་གསོ་རིག་གི་ངོ་མཚར་བའི་ཁྱད་ཆོས་རྣམས་གཞན་གྱི་མིག་སྔར་གསལ་སྟོན་བྱེད་ཐུབ་པ་འབྱུང་ངེས་ཡིན་པས། དེ་ནི་ང་ཚོའི་ཡབ་མེས་གོང་མ་རྣམས་ཀྱི་རྣམ་ཐར་འབྱོངས་བ་དང་ཐུགས་བཞེད་སྒྲུབ་པ་ཡིན་པའི་ཕྱིར་ངེས་པར་དུ་འབད་རྩོལ་བྱེད་དགོས།
བོད་ཀྱི་གསོ་རིག་གི་སེམས་ཁམས་རིག་པའི་རྨང་གཞི།
         བོད་ཀྱི་གསོ་རིག་གི་སེམས་ཁམས་རིག་པའི་རྨང་གཞི་ནི་འབྱུང་ལྔའི་རིག་པ་དང༌། ཉོན་མོངས་ཀྱི་རིག་པ་སོགས་ཡིན། དེ་ཡང་ཉོན་མོངས་ནི་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་སྟེ། དེ་དག་གིས་ཉེས་པ་གསུམ་རིམ་པས་སྐྱེ་བར་གསུངས་པ་ནི་ཆེས་མཚན་རིག་གི་རང་བཞིན་ལྡན་པའི་དངོས་གཙོའི་རིག་པ་ཕྲ་བ་ཞིག་ཡིན། ཉོན་མོངས་དུག་གསུམ་ནི་ཆགས་ཁྲོ་འཇིགས་སྡུག་གི་རྒྱུའམ་རྩ་བ་ལྟ་བུ་དང༌། ཉོན་མོངས་ཀྱི་རྣམ་གྱུར་ཕྱི་རོལ་དུ་མངོན་པ་ནི་ཆགས་སྡང་སོགས་ཡིན་ཅིང་དེ་དག་ནི་ཉོན་མོངས་ཀྱི་འབྲས་བུ་ཡིན་པས་ན་ནད་ཀྱི་རྒྱུ་རྐྱེན་དུ་འགྱུར་བའི་བསམ་བློའི་འཁྱེར་སོ་རྣམས་ནི་དུག་གསུམ་དང་འབྲེལ་བ་མེད་པ་མི་སྲིད། དེ་བཞིན་རྒྱ་ནག་ལུགས་ཀྱི་སེམས་ཁམས་རིག་པའི་རྨངས་གཞིའམ་བརྗོད་དོན་དུ་གྱུར་པ་འགྱུར་བདུན་གྱི་རིག་པ་ཟེར་བའང་ཉོན་མོངས་དུག་གསུམ་ལས་འདའ་ཐུབ་མེད། དེ་ཡང་སྡུག་བསྔལ་ཐམས་ཅད་ཀྱི་གཞི་མ་དུག་གསུམ་གྱི་རིག་པ་འདི་ནི་ནང་པ་སངས་རྒྱས་པའི་གཞིའི་གནས་ལུགས་གཏན་ལ་འབེབས་པའི་རིགས་པ་ཞིག་ཡིན་ཅིང། དེས་མིའི་སེམས་ཁམས་ཀྱི་སྣང་ཚུལ་ལ་ཞིབ་འཇུག་མཛད་པའི་ཚད་ནི་ཆེས་མཐོན་པོ་ཡིན་པ་ནི། དེང་དུས་ཀྱི་རྒྱ་རིགས་ཚན་རིག་པ་དབྱིས་ཀྲི་སྦོས། སངས་རྒྱས་པས་སེམས་ཁམས་ཀྱི་གྲུབ་ཆ་སྣ་ཚོགས་ལ་ཞིབ་འཇུག་བྱས་པ་དེ་ནི་རྫས་བསྒྱུར་མཁས་པས་དངོས་པོའི་གྲུབ་ཆར་ཞིབ་འཇུག་བྱས་པའི་ཞིབ་ཚགས་ལས་ཆེས་ཆེར་བརྒལ་ཡོད་པ་མ་ཟད། ཕྱི་ནང་གི་དངོས་པོའི་བར་གྱི་འབྲེལ་བར་གསལ་བཤད་བྱས་པ་ནི་ཆེས་ཟབ་ཅིང་བརླིང་བའི་ཁྱད་ཆོས་ཤིག་རེད། ཚན་རིག་པ་ཞིག་གིས་སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་བྱས་པའི་སྙན་ཞུ། ཅེས་བཤད་པ་ནི་གཟུ་བོར་གནས་པའི་གཏན་ཚིགས་སོ།།
        དེ་བཞིན་འབྱུང་ལྔའི་རིག་པ་ནི། རང་བྱུང་ཁམས་ཀྱི་དངོས་པོའི་སྣང་ཚུལ་ལ་བརྟེན་ནས་ཕྱི་ནང་གི་དངོས་པོ་མཐའ་དག་གི་གྲུབ་ཆ་དང༌། དེའི་རང་བཞིན། འགྱུར་ལྡོག་བཅས་ཀྱི་ཆོས་ཉིད་གཏན་ལ་འབེབས་པའི་རང་བྱུང་ཚན་རིག་ཅིག་ཡིན། དེ་ཡང་འབྱུང་ལྔའི་དྭངས་མ་ཚོགས་ནས་གྲུབ་པའི་སེམས་ཁམས་ཉིད་ལ་རྩ་བའི་སྒྲུབ་གཞི་ཉོན་མོངས་དུག་གསུམ་དུ་བསྡུས་པ་དང༌། དེ་དག་གི་བྱེད་ལས་ཀྱང་ཕྱི་རོལ་གྱི་འབྱུང་ལྔའི་ཆོས་ཉིད་དང་མཚུངས་པའི་ཉེས་གསུམ་སྐྱེ་བའི་རྒྱུ་དང༌། ལྷག་པར་སེམས་ཀྱི་ནད་རིགས་ཡོད་དོ་ཅོག་གི་རྩ་བར་གསུངས་ཡོད། དེ་ལྟར་འབྱུང་བ་ལྔ་པོ་དེ་དག་ཀྱང་ཡང་ཞིང་གཡོ་བ་སོགས་རང་གི་ཚན་ཉིད་དུ་གཏན་ལ་ཕབས་པ་ནི་ཕྱི་རོལ་ཡུལ་གྱི་དབང་དོན་ལ་འཆར་བའི་གོ་དོན་རགས་པ་ཞིག་ནས། ས་ཡིས་གཞི་བརྟེན་སོགས་དང༌། ས་མེད་མི་འགྲུབ་སོགས་ཀྱིས་མཐར་ཐུག་རྡུལ་ཕྲ་རབ་སོགས་ལ་སྦྱར་ནས་བཤད་པའི་རིག་པ་ཕྲ་ཞིབ་ཅན་འདི་དག་ཡིན་ནོ།། དེང་དུས་འཕྲུལ་ཐབས་གསར་པས་གཟུགས་ཀྱི་ཆ་ཕྲ་མོ་ཡང་ལྡབ་ཁྲི་ཁྲག་བར་ཆེར་བཏང་བའི་གློག་འཕྲུལ་ཕྲ་མཐོང་ནས་མཐོང་བའི་རྡུལ་ཕྲ་རབ་ཀྱི་རིགས་གང་ཡང་འབྱུང་ལྔའི་རང་བཞིན་གྱི་ཆ་ཤས་ཡོད་པར་ངེས་པ་ཡིན། དེ་བཞིན་དེང་དུས་ཚན་རིག་པས་ལུས་ཀྱི་བྱ་བ་དང༌། སྒྲུབ་གཞི་རྣམས་རྡུལ་ཕྲ་རབ་ཅིག་ལ་ངོས་བཟུང་བ་དང༌། བོད་ལུགས་གསོ་རིག་གིས་དེ་དག་འབྱུང་བ་ལ་ངོས་འཛིན་པ་གཉིས་བར་གྱི་ཁྱད་པར་ནི་སྔ་མས་དངོས་པོའི་ངོ་བོ་ལ་འཇོག་ཅིང༌། ཕྱི་མས་དངོས་པོའི་ནུས་པ་ལ་ Phisecse གཙོ་བོར་འཇོག་པའི་ཁྱད་པར་ཙམ་མོ།།
སེམས་ཁམས་ཀྱི་ངོ་བོ།
  དེ་ཡང་སེམས་དང་སེམས་ཁམས་ཞེས་པ་ནི་ཐ་སྙད་གསར་རྙིང་ཙམ་ལས་དེ་གཉིས་ཀྱི་ངོ་བོ་ལ་ཁྱད་པར་འབྱེད་ཆོས་སྤུ་ཙམ་མེད། དེས་ན་སེམས་ནི་མདོ་བསྟན་དུ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་གསུངས་པ་བཞིན། གསལ་ཞིང་རིག་པ་སེམས་ཀྱི་ངོ་བོའམ་མཚན་ཉིད་དུ་ནང་པའི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་ཐུན་མོང་དུ་བཞེད།
དེ་ཡང་གསལ་རིག་ཅེས་གསལ་བ་དང་རིག་པའི་ཆོས་ཀྱི་ཆ་གཉིས་སྣང་ཞིང༌། གསལ་བ་ལའང་སྤྱིར་གཟུགས་ཅན་དང་གཟུགས་ཅན་མིན་པ་གཉིས་ཡོད་པས། དང་པོ་ནི་ཉི་ཟླ་གློག་སྒྲོན་སོགས་ལྟ་བུ་ཡིན་ཅིང༌། འདིས་ནི་གཟུགས་ཅན་གཞན་གྱི་ངོར་གསལ་བ་ཙམ་ལས་དེའི་བྱེ་བྲག་དང་ཁྱད་པར་སོགས་འབྱེད་མི་ནུས་ཅིང་ངེས་ཤེས་འདྲེན་མི་ནུས་པ་མ་ཟད། གཟུགས་ཅན་མ་ཡིན་པ་གང་ཡང་གསལ་མི་ཐུབ། དུས་ཀྱི་དབང་དུ་བྱས་ན་ད་ལྟ་བ་གསལ་ཙམ་ལས་འདས་མ་འོངས་ཀྱི་ཆོས་དང་གཟུགས་ཅན་གང་ཡང་གསལ་མི་ནུས། དེ་བཞིན་གོམས་པས་དེའི་ཡོན་ཏན་ལ་འཕེལ་འགྲིབ་ཅུང་ཟད་ཙམ་ཡང་འགྲོ་རྒྱུ་མེད།
གཉིས་པ་གཟུགས་ཅན་མིན་པའི་གསལ་བ་ནི་སེམས་ཡིན་ཅིང༌། དེ་ལའང་རིག་པའི་གསལ་བ་དང༌། ཆོས་ཉིད་ཀྱི་གསལ་བ་གཉིས་ཡོད། སྔ་མ་ནི་གསལ་རིག་ཅེས་པའི་རིག་པའང་དེ་ཉིད་ཡིན་པས། དེ་ནི་ཤེས་པ་རང་ཉིད་སྐྱེས་ཙམ་ནས་རང་གི་སྣང་བ་གསལ་བའི་ངོ་བོར་མངོན་སུམ་ཉིད་དུ་གྲུབ་པས་ན་གསལ་བ་ཞེས་བྱ་ལ། ཡུལ་ལ་སྤུ་རིས་འབྱེད་ཅིང༌། ངེས་ཤེས་དངོས་སུ་འདྲེན་པས་ན་རིག་པ་ཞེས་ཀྱང་བྱ་སྟེ། དེ་ལྟ་བུས་གསལ་རིག་གཉིས་ཚོགས་པའམ་འདུས་པ་ལ་ཤེས་པ་ཞེས་ཐ་སྙད་བཏགས་པར་མངོན། དེའི་ཕྱིར་གསལ་བ་ཞེས་ཤེས་པ་རང་གི་ངོ་བོ་ཙམ་དང༌། རིག་པ་ཞེས་དེའི་ལས་སམ་ཡོན་ཏན་བསྟན་པས་གསལ་ཞིང་རིག་པ་ཤེས་པའི་མཚན་ཉིད་དུ་རིགས་མི་མཐུན་སེལ་བྱེད་དུ་སྦྱར་ན་ལེགས་པར་གྲུབ་པ་ཡིན།
དེ་ཡང་ཤེས་པས་གསལ་ཚུལ་ནི་ཉི་མ་སོགས་ཀྱི་གསལ་བ་ལས་ལྷག་པར་ཡུལ་དེ་དང་དེའི་ནང་གསེས་དང་ཁྱད་པར་འབྱེད་པ་དང༌། གཟུགས་ཅན་གཞན་གྱིས་གོ་མི་འཕྲོག་པས་ཐོགས་རེག་མེད་པ་དང༌། རིགས་མཐུན་སྔ་མ་གོམས་སྟོབས་ཀྱིས་སྐྱེས་པས་གོམ་པ་འཕེལ་འགྲིབ་ཆེ་བ་དང༌། མ་འོངས་པ་དང་འདས་པ་དང༌། གཟུགས་ཅན་མིན་པའང་གསལ་ནུས་པས་གཟུགས་ཅན་གཞན་གྱི་གསལ་ཚུལ་དང་གཏན་ནས་མི་འདྲ་བ་ཡིན་ནོ།།
གཉིས་པ་ཆོས་ཉིད་ཀྱི་གསལ་བ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ་ཞེས་པའི་དོན་དངོས་ཏེ། རང་གི་ངོ་བོར་དྲི་མས་སླད་པ་མ་ཞུགས་ཤིང༌། དེའི་རྟེན་ནམ་ཆོས་ཅན་གསལ་རིག་གི་རང་བཞིན་དུ་གནས་པ་དང༌། ཆོས་ཅན་གྱི་དྲི་མ་ཇེ་དག་ཏུ་སོང་བས་ཆོས་ཉིད་ཀྱི་རང་མདངས་ཇེ་གསལ་དུ་སོང་སྟེ། མཐར་ཆོས་ཅན་གསལ་རིག་ལ་དྲི་མ་བག་ཆགས་དང་བཅས་པ་སྦྱངས་ཏེ་ཟད་པ་ན་ཆོས་ཉིད་ཀྱང་སྒྲིབ་བྱེད་ཐམས་ཅད་དང་བྲལ་བའི་དབྱིངས་འབའ་ཞིག་ཏུ་གྱུར་པས་ན་རྟེན་གསལ་རིག་ཡེ་ཤེས་ཆོས་སྐུ་དང༌། རྟེན་པ་ཆོས་ཉིད་ངོ་བོ་ཉིད་སྐུ་གཉིས་དབྱེར་མེད་ལྷན་གཅིག་ཏུ་འཇུག་པ་ཡིན་ཅིང༌། དེའི་ཚེ་རྨོངས་པའི་ཆ་ཡོངས་སུ་སངས་ཤིང་ཟད་པ་དང༌། གསལ་བའི་ཆ་ཐམས་ཅད་རྒྱས་པས་ན་དེ་ལ་སངས་རྒྱས་ཞེས་བརྗོད་པ་ཡིན། གཞན་དུ་སངས་རྒྱས་བྱ་བ་རྒ་མེད་སྐྱེ་མེད་ཀྱི་རྟག་བརྟན་ཐེར་ཟུག་གི་རང་བཞིན་ཅན་ཞིག་གནས་དང་དུས་གཞན་དུ་འཚོལ་ཤིང་བརྙེད་རྒྱུ་ཡོད་པ་གཏན་མིན་ནོ།།
སེམས་ཁམས་དེ་གང་ལས་བྱུང་བ།
         སེམས་གསལ་རིག་གི་ངོ་བོར་གནས་པ་དེ་ཉིད་གང་ལས་བྱུང་བ་ནི་སེམས་ཁམས་རིག་པ་སྨྲ་བ་ཚོར་གཅིག་གྱུར་གྱི་འདོད་ཚུལ་ཞིག་མེད་ཅིང༌། ལ་ལས་ལུས་སེམས་རྫས་གཅིག་ཏུ་སྨྲ་ཞིང་ལུས་གྲུབ་པ་མགོ་ཚུགས་པ་དང་སེམས་གྲུབ་ཅིང་ལུས་རྒྱས་པས་སེམས་རྒྱས་པ་དང༌། ལུས་ཞིག་པས་སེམས་ཞིག་པ་སྟེ་ཆང་དང་མྱོས་གྱུར་གྱི་རྫས་བཞིན་འདོད། འགའ་ཞིག་གིས་སེམས་ཁམས་དེ་ཉིད་ལུས་ཀྱི་ཆ་ཤས་ཀླད་པའི་རྫས་སུ་ཁས་ལེན་ཅིང༌། གསལ་རིག་རྣམས་ཀླད་པའི་ལས་སམ་ནུས་པ་འབའ་ཞིག་ཡིན་པས་དེ་ནི་ལུས་ཞིག་ན་རྩིག་པ་དང་རི་མོ་བཞིན་ལྷན་དུ་འཇིག་པར་སྨྲ། བོད་ཀྱི་གསོ་བ་རིག་པ་དང༌། བོད་ཀྱི་སེམས་ཁམས་རིག་པ་སྨྲ་བ་རྣམས་ནི་དེ་དག་གཏན་ནས་མི་འདོད་ཅིང༌། རང་ཅག་མི་རེ་ངོ་རེའི་རྒྱུད་ཀྱི་གསལ་རིག་གི་ངོ་བོར་གྱུར་པའི་སེམས་སམ་རྣམ་ཤེས་ནི་ལུས་ལས་རྫས་ཐ་དད་ཅིང་རང་དང་མཚུངས་པའི་རིགས་འདྲ་སྔ་མ་ཞིག་ལས་བྱུང་བ་དང༌། དེའང་རིགས་འདྲ་སྔ་མ་ཞིག་ལས་བྱུང་བ་སོགས་རང་གི་རྒྱུན་དུ་གྱུར་པའི་རིགས་འདྲ་སྔ་མ་ཞིག་ལས་བྱུང་བར་འདོད། དེ་ལྟ་བུའི་གསལ་རིག་གི་རྒྱུན་དེ་ཉིད་གཞན་དབང་གི་གནས་སྐབས་དང༌། རང་དབང་བའི་གནས་སྐབས་གཉིས་ཡོད།
        དེ་ལ་རང་ལ་རང་དབང་མེད་པར་དབང་བསྒྱུར་བྱེད་པོ་གཞན་ནི་འཇིག་རྟེན་ན་དབང་ཆེ་བར་གྲགས་པའི་ཚངས་པ་དང་ཁྱབ་འཇུག་སོགས་མིན་པར། རང་སེམས་གདོད་མ་ནས་རང་བཞིན་ནམ་ངོ་བོར་མ་གྲུབ་ཅིང༌། ཁམས་ལྔ་དང་རྣམ་ཤེས་དྲུག་ཚོགས་པ་ཙམ་ལ་བདག་གམ་གང་ཟག་ཅེས་རྟོག་བཏགས་ཙམ་ཡིན་ཀྱང༌། དེ་ཉིད་མ་ཚོར་བའམ་མ་རྟོགས་ཏེ་བདག་ཏུ་མངོན་པར་ཞེན་ཅིང༌། གནས་ལུགས་ཀྱི་དོན་གང་ཡིན་པ་དེ་ལས་འཛིན་སྟངས་ཕྱིན་ཅི་ལོག་ཏུ་ཞུགས་པའི་གཏི་མུག་གམ་མ་རིག་པའི་དབང་གིས་ཆགས་སོགས་ཉོན་མོངས་པ་སྐྱེས་ཤིང༌། དེས་བསོད་ནམས་དང་དེ་མ་ཡིན་པ། མི་གཡོ་བ་སོགས་ཀྱི་ལས་སྣ་ཚོགས་པ་འདུ་བྱས་པའི་གཞན་དབང་གིས་གནས་ཀྱི་དབང་དུ་ན་ཁམས་གསུམ་དུ་འཁོར་བ་དང༌། འཁོར་ཚུལ་གྱི་དབང་དུ་བྱས་ན་སྲིད་པའི་གནས་སྐབས་བཞིར་རང་དབང་མེད་པར་གཅིག་གིས་གཅིག་ཏུ་འཕེན་པར་བཞེད།
        དེ་བཞིན་རང་དབང་ཡང་གཞན་ཞིག་གིས་མཆོག་སྦྱིན་པའམ་འབུལ་ཚན་ཕུལ་བ་ལྟ་བུ་མ་ཡིན་པར་གནས་ལུགས་ཀྱི་དོན་ལ་ཕྱིན་ཅི་མ་ལོག་པར་འཛིན་པའི་བློ་གོམས་སྟོབས་ཀྱིས་ཆོས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་མཐོང་ནས་ལས་ཉོན་རྣམས་རྩ་བ་ཆད་པའི་ལྗོན་ཤིང་བཞིན་དུ་ནམ་གྱུར་བ་ན་དེ་ལ་རང་དབང་ངམ་སྲིད་པ་འཁོར་བའི་རྒྱ་ལས་གྲོལ་བའི་ཐར་བ་ཞེས་པ་དེ་ཉིད་ཡིན།
        དེ་ཡང་སྲིད་པའི་གནས་སྐབས་བཞི་ནི་སྔོན་དུས་ཀྱི་སྲིད་པ་དང༌། འཆི་སྲིད། བར་སྲིད། སྐྱེ་བའི་སྲིད་པ་བཅས་ཡིན་ཅིང༌། དེ་ལ་འཆི་སྲིད་ནི། སྔོན་དུས་ཀྱི་སྲིད་པར་གནས་པའི་གང་ཟག་དེའི་སྔར་རང་གི་ཚེའི་འཕེན་པ་རྫོགས་པའམ། ཡང་ན་རྐྱེན་གཞན་གྱིས་རང་གི་ཟག་བཅས་ཀྱི་ཕུང་པོས་རྣམ་ཤེས་ཀྱི་བརྟེན་བྱེད་པའི་ནུས་པ་ཟད་ཚེ་གསལ་རིག་གི་ངོ་བོ་ཅན་གྱི་རྣམ་ཤེས་ཀྱི་རྒྱུན་དེ་ཕུང་པོ་རགས་པ་དང་གཏན་དུ་ཁ་བྲལ་བའི་གནས་སྐབས་དེར་འཆི་སྲིད་ཅེས་བྱ་བ་ཡིན། དེ་འདྲའི་འཆི་བའི་སྲིད་པ་དེ་གནས་སྐབས་གཞན་ལྟར་དུས་ཡུན་རིང་པོ་མིན་ཀྱང་བཟང་ངན་འཕོ་འགྱུར་གྱི་སོ་མཚམས་ཤིན་ཏུ་གལ་ཆེན་ཞིག་རེད། དེའང་ལུས་སེམས་ཀྱི་འབྱུང་ཁམས་རགས་པ་རྣམས་ཀྱིས་རིམ་པས་རྣམ་ཤེས་ཀྱི་རྟེན་བྱེད་མི་ནུས་པར་གྱུར་ཚེ་གཅིག་ལ་གཅིག་ཐིམ་གྱི་ཐ་སྙད་བཏགས་པ་བཞིན་ས་སོགས་འབྱུང་ཁམས་ཀྱི་ནུས་པ་རྣམས་རིམ་བཞིན་ནམ་མཁའ་ལ་ཐིམ་ཞིང༌། དེའང་རྣམ་ཤེས་ལ་ཐིམ་པར་བརྩམ་པ་ན་ཕྱི་དབུགས་ཀྱི་རྒྱུ་བ་ཆད་ཅིང་གཉིས་སྣང་རགས་པ་ཐམས་ཅད་ནུབ་སྟེ་ནང་རྟགས་མར་མེ་ཏ་ལ་ལ་འབར་བའི་སྣང་བ་ཙམ་ཞིག་འཆར་བ་དང༌། དེ་ཡང་རིམ་པས་ཕྲ་རུ་སོང་སྟེ་ནམ་མཁར་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་སྣང་བ་དཀར་ལམ་པ། ཉི་འོད་ཀྱིས་ཁྱབ་པ་ལྟ་བུས་མཆེད་པ་དམར་ལམ་པའི་སྣང་བ་རྣམས་རིམ་པས་འཆར་ཞིང༌། འཆི་སེམས་དེ་ཉིད་དེ་ལས་ཀྱང་ཕྲ་བར་སོང་སྟེ་མཆེད་པ་ཉེར་ཐོབ་ལ་ཐིམ་པས་སྲོད་ཀྱི་སྨག་འཐུག་པོས་ཁྱབ་པ་བཞིན་ནག་ཐེང་ངེ་བར་སོང་ཞིང༌། དེའི་སྨད་ཙམ་དུ་དེའི་སྣང་བའང་མེད་པར་བརྒྱལ་བ་ལྟར་གང་ཡང་མི་འཆར་བར་གྱུར། དེ་ནས་ཉེར་ཐོབ་དེའང་ཐམས་ཅད་སྟོང་པའམ་སྟོང་ཆེན་ལ་ཐིམ་པར་རྩོམ་ཚེ་བརྒྱལ་བ་ལས་སངས་པ་ལྟ་བུར་གྱུར་ཀྱང་སླད་བྱེད་ཀྱི་རྐྱེན་གཞན་གང་ཡང་མེད་པའི་སྟོན་གནམ་གཡའ་དག་གི་སྣང་བ་ཙམ་ཞིག་འཆར་བ་དེར་འཆི་སེམས་ཕྲ་མོ་འམ་འཆི་བ་འོད་གསལ་ཞེས་འབོད་པ་ཡིན། འཆི་སྲིད་ཀྱི་ཡུན་ནི་ཕྱི་དབུགས་ཆད་ནས་སྟོང་ཆེན་འོད་གསལ་བར་གྱི་ཡུན་དེ་ཙམ་ལས་མེད་ཅིང༌། དེའང་འགྲོ་བ་ཐམས་ཅད་ལྟ་ཅི་མིའི་རྟེན་ཅན་ལའང་དུས་ཡུན་གཅིག་གྱུར་མེད་པར་གསུངས།
        བར་དོའི་སྲིད་པ་ནི། གང་ཟག་དེ་ཉིད་ཤི་ནས་གསལ་རིག་གི་ངོ་བོ་ཅན་གྱི་རྣམ་ཤེས་དེ་སྐྱེ་གནས་གསར་པ་མ་ཐོབ་པའི་བར་དེར་བར་དོའི་སྲིད་པ་ཞེས་བྱ་བ་ཡིན། དེ་ཡང་འཆི་སེམས་ཕྲ་མོ་འགག་པ་དང་བར་སྲིད་གྲུབ་པ་སྲང་མདའི་མཐོ་དམན་བཞིན་ཡིན་ཅིང༌། བར་སྲིད་དེའང་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་གྲུབ་པ་གང་དུ་སྐྱེ་འགྱུར་གྱི་བྱད་དབྱིབས་ཅན། དབང་པོ་ཀུན་ཚང་བ། རི་རྭ་བ་ཁང་ཁྱིམ་སོགས་ལ་ཐོགས་མེད་དུ་འགྲོ་བའི་ལུས་ཅན་རིས་མཐུན་པ་དང༌། ལྷའི་མིག་གི་མངོན་ཤེས་ཅན་གྱིས་མཐོང་བར་བཤད། དེའི་ཚེ་ཚད་ལ་ངེས་པ་མེད་ཅིང་རིང་མཐའ་མིའི་ཞག་བདུན་ཙམ་ཡིན་ཞིང་དེ་ནས་ངེས་པར་སྐྱེ་གནས་བརྙེད་པ་ཡིན། དེའང་སྐྱེ་གནས་ཀྱི་ཁྱད་པར་སོགས་ལས་བར་དོ་བརྒྱུད་མི་དགོས་པའང་ཡོད་པར་གསུངས་ཡོད།
སྐྱེ་སྲིད་ནི། དེ་ལྟར་བར་དོར་གནས་པའི་གསལ་རིག་གི་ཤེས་པའི་རྒྱུན་ཙམ་ལས་གྲུབ་པའི་ཕྲ་བའི་ལུས་དེ་ཉིད་ཤིན་ཏུ་ཕྲ་བར་སོང་ནས་སྐྱེ་གནས་བཞི་པོ་གང་རུང་ལ་ཉིང་མཚམས་སྦྱར་བའམ་འཕོས་པ་ལ་སྐྱེ་སྲིད་ཅེས་བྱ་བ་ཡིན། འཇིག་རྟེན་ཡོངས་གྲགས་སུ་མངལ་གནས་སུ་འཕེལ་བ་རྫོགས་ནས་ཕྱིར་བཙའ་བ་ལ་དེ་ལྟར་འབོད་པ་ནི་སྐྱེ་བར་བཏགས་པ་ཙམ་ལས་དོན་དུ་གོང་ལྟར་འཐད། དེའི་དུས་ཚོད་ནི་ཧ་ཅང་ཐུང་ངུ་ཞིག་ལས་མི་སྣང་ཡང་སེམས་ཁམས་ཀྱི་གནས་སྟངས་མི་འདྲ་བར་འགྱུར་བའི་སོ་མཚམས་ཡིན་པས་ཤིན་ཏུ་གལ་ཆེ་ཞིང༌། འདིའི་གནད་ཀྱི་སྐྱེ་བ་སྔ་ཕྱི་ཡོད་མེད་དང༌། ཡོད་ཀྱང་རང་རྐྱ་ཐུབ་པའི་གང་ཟག་ཅིག་ཡོད་མེད་སོགས་ཀྱང་འདིའི་ས་མཚམས་ལས་ཤེས་དགོས་པར་སྣང༌།
དེའང་ནང་པའི་གྲུབ་མཐའ་སྤྱིའི་འདོད་ཚུལ་ནི་སྐྱེ་བ་སྔ་མའི་ཤེས་པ་ལ་མ་བརྟེན་པར་ཕྱི་མ་ཡོང་ཐབས་མེད་ཅིང༌། ད་ལྟའི་རྣམ་ཤེས་ནི་རང་གི་རིགས་འདྲ་སྔ་མའི་རྒྱུན་ལས་འོངས་པ་ལས་ཕྱིའི་འབྱུང་བ་ཚོགས་སྟོབས་སམ། གློ་བུར་གྱི་རྐྱེན་གཞན་གྱིས་གསལ་རིག་གི་ངོ་བོ་ཅན་གྱི་ཤེས་པ་གསར་དུ་སྐྱེ་མི་སྲིད་པ་ནི། དཔེར་ན་འབྱུང་བ་རྣམས་ཀྱིས་དངོས་པོ་སྣ་ཚོགས་བརྩམ་པར་ནུས་ཀྱང་འབྱུང་བ་རང་ཉིད་ཐུན་མིན་ཉེར་ལེན་རྒྱུ་གཞན་གྱིས་བྱེད་མི་ཐུབ་པ་བཞིན་ཡིན་པར་བཞེད། དེའང་ནང་པས་སྐྱེ་བ་སྔ་ཕྱི་སོགས་ནན་གྱིས་སྒྲུབ་པས་རྟག་གཅིག་རང་དབང་ཅན་ནམ། རང་རྐྱ་ཐུབ་པའི་གང་ཟག་གམ་བདག་སྒྲུབ་བ་མིན་པར། བརྟེན་ནས་བཏག་པ་ཙམ་དང་རྟེན་འབྲེལ་ཙམ་གྱི་གང་ཟག་དང༌། དེ་སྐྱེ་བ་སྔ་མ་ནས་ཕྱི་མར་འཕོ་བ་སོགས་ཡོད་པར་འདོད་དོ།། དེ་ཇི་ལྟར་ཡིན་ཅེ་ན། བཤད་རྒྱུད་ལས་གཙུབས་ཤིང་ལས་མེ་འབྱུང་བ་བཞིན་ཕན་ཚུན་ལྟོས་ནས་སམ་བརྟེན་ནས་ཕ་མའི་ཁུ་ཁྲག་ཀྱི་དབུས་སུ་བར་སྲིད་ཉིང་མཚམས་སྦྱར་བ་ཡོད་པར་གསུངས། དེ་བཞིན་མགོན་པོ་ཀླུ་སྒྲུབ་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚིག་ལེའུར་བྱས་པ། འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། །འདི་ལ་སེམས་ཅན་ཅི་ཡང་མེད། །སྟོང་པ་ཁོ་ནའི་ཆོས་རྣམས་ལས།། སྟོང་པའི་ཆོས་རྣམས་འབྱུང་བར་ཟད། །བདག་དང་བདག་གི་མེད་པའི་ཆོས།། ཁ་འདོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང༌། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་ལུས་ཀྱི་དབང་ཕྱུག་སེམས་ཅན་ཞེས་བྱ་བ་འདི་དག་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་རྡུལ་ཕྲ་མོ་ཙམ་མི་འཕོ་ཡང་སྟོང་པ་ཁོ་ནའི་ཆོས་མ་རིག་པ་སྲིད་པ་ལེན་པ་སྟེ་ཉོན་མོངས་གསུམ་དང༌། འདུ་བྱེད་དང་སྲེད་པ་སྟེ་ལས་གཉིས་བཅས་རྒྱུར་གྱུར་པ་སྟོང་པ་ལྔ་པོ་རྣམས་ལས་རྣམ་ཤེས་མིང་གཟུགས། སྐྱེ་མཆེད་དྲུག རེག་པ། ཚོར་བ། སྐྱེ་བ། རྒ་ཤི་སྟེ་འབྲས་བུར་བཏགས་པའི་ཆོས་སྟོང་པ་བདུན་པོ་འདི་དག་འབྱུང་བའི་སྒོ་ནས་སྲིད་པ་འཁོར་བར་རྒྱུན་མི་ཆད་པ་ངེས་པ་མེད་པར་འཁོར་བ་ཡིན་ནོ་ཞེས་དཔེ་བརྒྱད་ཀྱི་སྒོ་ནས་རང་བཞིན་མེད་པའི་ཆོས་རྣམས་ལས་རང་བཞིན་གྱིས་མ་གྲུབ་པའི་ཆོས་རྣམས་འབྱུང་བ་དང༌། རང་བཞིན་གྱི་བདག་མེད་པའི་འཇིག་རྟེན་ཕ་རོལ་ཀྱང་འགྲུབ་པར་ཤེས་པར་བྱའོ།།
དེ་ལྟ་བུའི་ཚུལ་གྱིས་བར་དོའི་རྣམ་ཤེས་མའི་མངལ་དུ་ཉིང་མཚམས་སྦྱར་ནས་མིང་དང་གཟུགས་ཀྱི་ས་བོན་ལས་ཕུང་པོ་ལྔ་ཇི་ལྟར་འགྲུབ་པ་ནི། སྤྱིར་ཕ་མའི་ཁུ་ཁྲག་གཟུགས་ཅན་པ་རྣམས་ལས་མངལ་གནས་ཀྱི་ཤ་ཁྲག་ཀླད་པ་སོགས་ལུས་ཀྱི་ཆ་ཤས་གཟུགས་རུང་རྣམས་འགྲུབ་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ཟག་པ་དང་བཅས་པ་སྒྲིབ་ལ་ལུང་མ་བསྟན་གྱི་ངོ་བོ། བདག་ཏུ་རྨོངས་པ་ལ་སོགས་པ་ཉོན་མོངས་པ་བཞིའི་བདག་ཉིད་ཅན་ལས་ཚོར་བ་སོགས་གཟུགས་ཅན་མིན་པའི་ཕུང་པོ་བཞི་རྣམས་རིམས་པས་མཆེད་དེ། འབྱུང་བ་ཆེན་པོ་ལྔ་བཅས་གཅིག་ཏུ་ཚོགས་ནས་གདུང་ཁྱིམ་གྱི་ཚུལ་ལམ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་གྱིས་ཕུང་པོ་ལྔ་པོ་མངོན་པར་འགྲུབ་པ་ཡིན་ཏེ། ས་ལུ་ལྗོན་པའི་མདོ་ལས། ཤེས་དང་གཟུགས་ཀྱི་རྗེས་འཇུག་པ། །རྣམ་ཤེས་ལྔ་དང་ལྡན་པ་དང༌། །དེ་ན་ཉོན་མོངས་ཅན་ཡིད་ཀྱང༌། །འདི་རྣམས་ནང་གི་རྐྱེན་ཡིན་ནོ། །ཞེས་དང༌། བཤད་རྒྱུད་ལས་ཀྱང༌། ཕ་ཡི་ཁུ་བས་སོགས་གསུངས་ཤིང༌། རང་གི་རིགས་འདྲ་སྔ་མའི་རྣམ་ཤེས་ལ་བག་ཆགས་བཞག་པ་སད་སྟོབས་ཀྱིས་སྒོ་ལྔའི་རྣམ་ཤེས་དང༌། དེས་དྲངས་པའི་ཚོར་བ་དང་འདུ་ཤེས་སོགས་ཀྱང་བཏགས་དོན་བཙལ་ན་མི་བརྙེད་ཅིང་དེ་ཀུན་ངོ་བོ་སྟོང་ཡང་ཐ་སྙད་ཙམ་དུ་དེ་དག་སོ་སོ་ལས་སྐྱེ་བར་བཞེད་དོ།།
སྔོན་དུས་ཀྱི་སྲིད་པ། དེ་ལྟར་བར་སྲིད་དེ་ཉིད་རྐྱེན་རྣམས་ཚོགས་ནས་མའི་མངལ་དུ་འཕོས་པའི་སྐད་ཅིག་གཉིས་པ་ནས་སྔོན་དུས་ཀྱི་སྲིད་པའི་མགོ་བརྩམ་པ་ཡིན་ཅིང༌། དེ་ཡང་སྔོན་དུ་ཅུང་ཟད་བཤད་པ་ལྟར་མིང་གཟུགས་ཀྱི་ཕུང་པོ་མངོན་པར་གྲུབ་དང༌། རིམ་བཞིན་ཇེ་རགས་སུ་གྱུར་ཏེ་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་རྣམས་ཡོངས་སུ་རྫོགས་པ་གྲུབ་པ་དང་ལྷན་དུ་དེ་དག་གི་ནུས་པ་དང་ཡོན་ཏན་ཇེ་གསལ་དང་སྟོབས་ཇེ་རྒྱས་སུ་ཕྱིན་ཏེ་མཐར་ང་ཚོའི་རྒྱུད་ལྡན་གྱི་གསལ་རིག་གི་ནུས་པ་འདི་ཉིད་གྲུབ་པ་ཡིན་ནོ།། སྐྱེ་སྲིད་གྲུབ་པ་ནས་འཆི་སྲིད་ལ་མ་ཐུག་བར་གྱི་བརྒྱུད་རིམ་འདི་ཉིད་ལ་སྔོན་དུས་ཀྱི་སྲིད་པ་ཞེས་གྲགས་ཏེ་སྲིད་པ་བཞི་ལས་རྒྱུན་རིང་ཤོས་སུ་བརྩི་རུང༌།
དེ་ལྟར་སྲིད་པ་བཞིའི་ནང་ནས་འཆི་སྲིད་དང་སྐྱེ་སྲིད་ནི་ཕལ་ཆེར་ལ་དུས་ཐུང་སྐད་ཅིག་མའི་ཚད་ཙམ་ལས་མེད་ཀྱང་དེ་གཉིས་ནི་འོད་གསལ་སེམས་ཀྱི་བརྒྱུད་རིམ་ཤིན་ཏུ་གསར་པ་ཞིག་གི་མགོ་ཚུགས་པའི་ཐོག་མ་དང་མཇུག་བསྡུ་བའི་འགག་སྒོ་ལྟ་བུ་ཡིན།
ད་ལྟའི་དུས་སུའང་སྲིད་པ་བཞིའི་གནས་སྐབས་དང་ཆ་འདྲ་བའི་སྣང་ཚུལ་ཞིག་འཆར་རྒྱུ་ཡོད་པ་ནི་གཉིད་ཁུག་པ་དང༌། དེ་ཉིད་སད་པའི་དུས་སུ་སྣང་ཞིང༌། དེའང་དེའི་གནས་སྐབས་གཉིས་ནི་སེམས་ཁམས་ཀྱི་གནས་སྟངས་ཤིན་ཏུ་མི་འདྲ་བའི་དུས་གཉིས་ཡིན་པ་ང་ཚོར་དངོས་སུ་མྱོང་བས་གྲུབ་པ་དང༌། གནས་སྟངས་དེ་གཉིས་བརྗེ་མཚམས་ནི་གཉིད་ཁུག་ཉེར་ཡོད་པའི་སྐད་ཅིག་མ་དེ་དང༌། གཉིད་སད་ཉེར་ཡོད་པའི་སྐད་ཅིག་མའི་དུས་ཐུང་དེ་གཉིས་ཡིན་ཞིང༌། སྐད་ཅིག་མ་ལྟ་བུས་དུས་ཚོད་ཐུང་ཐུང་དེས་གཉིད་སད་པ་དང་ཁུག་པའི་གནས་སྐབས་གཉིས་ཐ་དད་དུ་ཕྱེས་ཏེ་སེམས་ཁམས་ཀྱི་རང་བཞིན་མི་འདྲ་བ་ཐ་དད་པ་གཉིས་འཆར་བར་བྱེད་ཅིང༌། དེའང་གཉིད་ལ་མ་འགྲོ་བའི་སྐད་ཅིག་སྔ་མར་ཐ་ན་དེ་རིང་དང་ད་ལྟ་མཐོང་ཐོས་སུ་ཡོད་པའི་ཡུལ་སོགས་རགས་པའི་སྣང་བ་མཐའ་དག་འགག་པ་དང༌། དེ་ནས་ཡུན་མི་རིང་བར་སྣང་ཚུལ་གསར་པ་གཞན་ཞིག་འཆར་བ་ནི་རྨི་ལམ་གྱི་སྣང་ཚུལ་རྣམས་ཡིན་ཞིང༌། རྨི་ལམ་གྱི་སེམས་ཁམས་སམ་རྣམ་ཤེས་དེས་རྨི་ལམ་ཡུལ་གྱི་དགའ་སྡུག་ཆགས་སྡང་རྣམས་མྱོང་བར་བྱེད་པ་ཡིན། དེའི་གནས་སྐབས་ཀྱི་ངའམ་བདག་དེས་རང་ཉིད་གཉིད་ཁུག་ནས་ཡོད་པའི་སྣང་བ་འཆར་རྒྱུ་ལྟ་ཅི། གཉིད་ལ་མ་སོང་བའི་གནས་སྐབས་ཀྱི་འཚོ་བ་དངོས་ཀྱི་སྣང་ཚུལ་འགའ་རེ་ཤར་བ་རྣམས་ཀྱང་རྨི་ལམ་གྱི་ཤེས་པ་དེ་ཁོ་ནས་དངོས་སུ་མྱོང་བའི་སྣང་བ་འབའ་ཞིག་མ་གཏོགས་འཆར་མི་ཐུབ།
དེ་བཞིན་དུ་སད་པའི་སྐད་ཅིག་སྔ་མར་ཡང་རྨི་ལམ་ཡུལ་གྱི་རགས་པའི་སྣང་བ་མཐའ་དག་འགག་སྟེ། གཉིད་སད་པའི་གནས་སྐབས་སུ་རྨི་ལམ་དུ་ཤར་བའི་ཡུལ་སྣང་རྣམས་ཀྱང་ཕལ་ཆེར་དྲན་མེད་དུ་གྱུར་ནས་སད་པའི་དབང་དོན་གྱི་ཡུལ་རྣམས་ཀྱིས་སྟེར་བའི་དགའ་སྡུག་ཁྲོ་ཆགས་ཀྱི་སྣང་བ་རགས་པ་འདི་དག་གི་ཀློང་དུ་ཐིམ།
དེས་ན་གཉིད་ཀྱི་གནས་སྐབས་ཀྱི་སྐད་ཅིག་སྔ་མ་དེ་ཉིད་འཆི་སྲིད་དང༌། རྨི་ལམ་གྱི་གནས་སྐབས་ནི་བར་དོའི་སྲིད་པ་དང༌། སད་དུས་ཀྱི་སྐད་ཅིག་སྔ་མ་ནི་སྐྱེ་སྲིད་དང་འདྲ་ཞིང༌། སད་དུས་ནི་སྔོན་དུས་ཀྱི་སྲིད་པ་དང་འདྲ་བ་ཡོད་པ་ཡིན། གཞན་ཡང་གླལ་བ་དང༌། སྦྲིད་པ་དང༌། འཁྲིག་པ་སོགས་ཀྱི་གནས་སྐབས་སུའང་འོད་གསལ་སྐྱེན་པ་རེ་འཆར་རྒྱུ་ཡོད་ཅིང༌། དེ་དག་ལམ་དུ་བྱེད་ཚུལ་དང༌། ལྷག་པར་གཉིད་དུས་སོགས་ཀྱི་བསྲེ་སྐོར་གྱི་གདམས་ངག་རྣམས་ཉམས་མྱོང་ཅན་གྱི་སྐྱེས་བུ་ཁྱད་པར་ཅན་ལས་དངོས་སུ་ཉན་ནས་སློབ་པ་དང༌། དེ་བཞིན་བོད་ཀྱི་བཀའ་བསྟན་མདོ་རྒྱུད་རྣམས་སུ་རྨི་ལམ་འབྱུང་ཚུལ་དང༌། རྨི་ལམ་འབྱུང་བའི་རྒྱུ་མཚན་དང༌། རྨི་ལམ་གྱི་ནུས་པ། རྨི་ལམ་གྱི་ཁྱད་ཆོས། རྨི་ལམ་སྐབས་ཀྱི་རླུང་སེམས་ཀྱི་འབྲེལ་བ་དང༌། དེ་གཞིར་བཟུང་ནས་གསང་སྔགས་བླ་མེད་དང་འབྲེལ་བའི་གཞུང་རྣམས་ལས་རྨི་ལམ་ལམ་དུ་འཁྱེར་ཚུལ་ལམ་བེད་སྤྱོད་བྱ་ཚུལ་དང་རྨི་ལམ་སྦྱོང་བརྡར་བྱ་ཐབས་བཅས་ཞིབ་ཕྲ་གསལ་བ་རྣམས་རང་རེའི་གསོ་བ་རིག་པ་དང་ཟུང་འབྲེལ་བྱས་ན་སྨན་བཅོས་ཐོག་ཕན་ནུས་ཆེན་པོ་འབྱུང་བ་མ་ཟད་རིག་པའི་གཞུང་ལུགས་ཀྱང་སྔར་ལས་ཕུན་སུམ་ཚོགས་པ་དང༌། ཆོས་ཉིད་དང་མཚམས་ཤིང་ཚན་རིག་གི་རང་བཞིན་ལྡན་པའི་གནས་བབས་གོང་མཐོར་འགྲོ་ཐུབ་པ་སོགས་སེམས་ཁམས་ཀྱི་གདམས་ངག་ཁྱད་པར་ཅན་སྔོན་ཆད་འཛམ་གླིང་འདིའི་སྟེང་གི་མཁས་པར་རློམ་པ་ཕལ་གྱིས་བློ་ཡུལ་དུ་མ་གྱུར་བའི་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་མཐའ་ཡས་པ་ཞིག་བོད་ཀྱི་རིག་གཞུང་རྒྱ་མཚོ་ཆེན་པོའི་ནང་དུ་འདུག་ན་དོན་གཉེར་ཅན་ཡོད་ན་འབད་བརྩོན་བྱ་རྒྱུ་སྔ་དྲགས་མི་འདུག་གོ།
སེམས་ཁམས་ཀྱི་བྱ་བ།
     སྤྱིར་མིའི་རྒྱུད་ཀྱི་སེམས་ཁམས་ཀྱི་བྱ་བ་བྱེད་ཚུལ་ཤིན་ཏུ་རྙོགས་འཛིང་ཆེ་བ་ཞིག་ཡིན་པས་དེ་ནི་མྱོང་བ་ལ་སྐོར་ན་ཤེས་ཤིང་ཚིག་གི་ལམ་ནས་མཚོན་པར་བྱ་རྒྱུ་ཡང་ཆེས་དཀའ་ལ། དེ་ལས་གཞན་ལ་དེ་ཉིད་བརྡ་སྤྲོད་པ་དང༌། དེ་དག་གིས་དངོས་སུ་མྱོང་བ་ཡང་ཆེས་དཀའ་བའི་གནས་སུ་སྣང༌། དེ་ཡང་སེམས་གསལ་རིག་གི་ངོ་བོ་དང༌། དེའི་བྱ་བ་ལས་དང་བཅས་པ་རྣམས་ཕན་ཚུན་ལྟོས་ནས་གསལ་རིག་གི་ངོ་བོར་བསྐྱེད་པ་དང༌། གསལ་རིག་ཡིན་པ་འགོག་མི་ནུས་པར་མཐོང་ཆོས་སུ་གྲུབ་མོད། རེ་རེ་ནས་ཐེར་ཟུག་ཏུ་བཟུང་ནས་བཙལ་ན་གསལ་རིག་ལྟ་ཅི་དེའི་ཡུལ་ཙམ་ཡང་འཐད་པར་དཀའ་བ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། བྱེད་པོ་ལས་ལ་བརྟེན་བྱེད་ཅིང༌། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ༌། །ཞེས་གསུངས་པ་ལྟར་སྒྲོན་མེ་ལྟ་བུ་གསལ་བྱ་གཟུགས་བརྙན་དང༌། གསལ་བ་སྒྲོན་མེའི་འོད། གསལ་བྱེད་ཀྱི་སྒྲོན་ཤིང་བསྲེག་བྱེད་ཀྱི་མེ་བཅས་ཕན་ཚུན་ཕྲད་པའམ་ལྟོས་ནས་སྒྲོན་མེ་བྱ་བའི་ཐ་སྙད་སྙོན་མེད་དུ་འབྱུང་ཞིང༌། དེ་དག་ཁ་ཕྲལ་ནས་དཔྱད་ན་སྒྲོན་མེ་ཞེས་པའི་ཐ་སྙད་འཇུག་པའི་གཞི་མེད་པ་བཞིན་དུ། གསལ་བྱའི་ཡུལ། བྱ་བ་གསལ་བ། གསལ་བྱེད་ཀྱི་སེམས་གསུམ་ཕན་ཚུན་ལྟོས་ནས་སམ་ཕྲད་པ་ཙམ་ལ་གསལ་རིག་ཅེས་བཏགས་པ་ཙམ་དུ་ཡོད་ཅིང་གསལ་རིག་གི་བྱ་བའང་བྱེད་པ་སྙོན་དུ་མེད་དོ།།
དེ་ལ་གསལ་རིག་གི་ངོ་བོ་སྐྱེ་ཚུལ་ལྟར་ན་དབང་ཤེས་ལ་བརྟེན་པ་དང༌། ཡིད་ཤེས་ལ་བརྟེན་པ་གཉིས་སུ་སྣང་ཞིང༌།
དང་པོ་དབང་ཤེས་ལ་བརྟེན་པ། དཔེར་ན་མིག་ཤེས་ལྟ་བུར་མཚོན་ན། མིག་དབང་གཟུགས་ཅན་པ་དྭངས་ཤིང་གསལ་བ་དེ་ཉིད་ལ། ཕྱི་རོལ་གྱི་ཡུལ་སྔོ་སེར་སོགས་ཁ་དོག་དང༌། རིང་པོ་དང་ཟླུམ་པོ་སོགས་དབྱིབས་ཀྱི་གཟུགས་གང་ཡིན་ཡང་བར་གྱི་མུན་པ་སོགས་ཀྱི་སྒྲིབ་བྱེད་མེད་སར་དེའི་གཟུགས་བརྙན་འཆར་བ་དང༌། དེ་ཡིད་ལ་བྱེད་པའི་རླུང་གཡོས་ཏེ་འཕྲད་པ་གཉིས་ལས་གཟུགས་བྱེ་བྲག་པ་དེ་གསལ་ཞིང་རིག་པའི་མིག་ཤེས་གློ་བུར་དུ་སྐྱེ་བ་ནི། དྭངས་ཤིང་གསལ་བའི་མིག་དབང་གིས་བདག་པོའི་རྐྱེན་དང༌། དེ་ལ་འཆར་བའི་ཕྱི་རོལ་གྱི་གཟུགས་དེ་ནི་དེའི་དམིགས་རྐྱེན་དང༌། དེ་ཡིད་ལ་བྱེད་པའི་ཤེས་པ་རླུང་དང་བཅས་པ་ནི་དེ་མ་ཐག་རྐྱེན་དང༌། མིག་ཤེས་སྔ་མས་བཞག་པའི་བག་ཆགས་ནི་དེའི་རྒྱུ་རྐྱེན་བཅས་བཞི་པོ་ཚོགས་པ་ཙམ་ལས་སྐྱེས་པའི་ཤེས་པ་ནི་གཟུགས་ཀྱི་བྱེ་བྲག་གསལ་ཞིང་རིག་པའི་གཟུགས་འཛིན་མིག་ཤེས་ཞེས་བྱའོ།། དེ་བཞིན་དུ་སྣ་ཤེས་དང༌། རྣ་བའི་ཤེས་པ་དང༌། ལྕེའི་ཤེས་པ་དང༌། ལུས་ཀྱི་རེག་བྱ་གསལ་ཞིང་རིག་པའི་རེག་འཛིན་གཟུགས་ཤེས་ཀྱི་བར་དུ་སྦྱར་ནས་ཤེས་དགོས་སོ།། གཟུགས་ཅན་གྱི་དབང་པོ་ཆོས་མངོན་པ་ནས་གསུངས་པ་དང༌། ཚན་རིག་པས་བཤད་ཚུལ་ཅུང་ཟད་མི་མཐུན་ཡང༌། དོན་གྱི་འབབ་ས་རྡུལ་ཕྲན་ཞིག་ལ་གཏུགས་པ་ནི་ཁྱད་པར་མི་སྣང་ངོ༌།།
ཚན་རིག་པས་དབང་པོ་གཟུགས་ཅན་གསལ་དྭངས་དེ་ཉིད་དབང་ཤེས་ལ་ངོས་བཟུང་བ་ནི་བེམ་པོ་མ་ཡིན་པའི་གསལ་བ་རེ་ཞིག་འཇོག་པ་ལ་མ་གོམས་པས་ཡིན་གྱི་དབང་ཤེས་མ་བརྙེད་པ་ནི་མ་ཡིན་ནོ།། མཁན་ཆེན་ཞི་འཚོས་ཤེས་པ་ནི་དབང་པོའི་གསལ་བ་ལས་ཟློག་ཙམ་ལ་འཇོག་ཅིང༌། ཐལ་འགྱུར་བས་ནི་དབང་བརྟེན་གསལ་བ་དེ་དག་ལ་བརྟེན་ནས་བཏགས་པ་ཙམ་གྱི་ཤེས་པ་ལ་དབང་ཤེས་སུ་བཞེད། དེ་ལྟར་ཤེས་པ་དེ་དག་ཐམས་ཅད་ཡུལ་དང་ཡུལ་ཅན་ཕན་ཚུན་ལྟོས་ནས་གསལ་བའི་རང་བཞིན་དུ་སྐྱེས་པ་ཞིག་ཡིན་ཅིང༌། འགྲོ་བ་སོ་སོའི་ལས་དབང་གིས་བར་གྱི་སྣང་བ་སོགས་དང་འཕྲད་པའི་རྐྱེན་གྱིས་གསལ་བའི་རང་བཞིན་ཅན་གྱི་མིག་ཤེས་དངོས་སུ་འདྲེན་ཚུལ་ཡང་ཐ་དད་ཡོད་པར་བཞེད་དོ།། དེ་ལྟ་བུ་རྐྱེན་བཞི་ཚོགས་པ་ཙམ་ལས་སྐྱེས་པའི་གསལ་རིག་གི་ཤེས་པ་ལ་དབང་པོའི་ཤེས་པ་ཞེས་བྱའོ།།
ཡིད་ཤེས་ལ་བརྟེན་པ།
   ཡིད་ཤེས་ནི་གཙོ་བོ་ཡིད་ཀྱི་དབང་པོའི་བྱེད་ལས་ཅན་ཡིན་ལ། དེ་ནི་སྔར་གོམས་པ་དང༌། འཕྲལ་རྐྱེན་ཡིད་ལ་བྱེད་པ་གཉིས་ལས་སྐྱེས་ཤིང༌། དངོས་སུ་དབང་པོ་གཟུགས་ཅན་བ་ལ་མི་ལྟོས་པར་དེ་གཉིས་ཚོགས་པ་ཙམ་ལས་སྐྱེས་པའི་གསལ་རིག་ལ་ཡིད་ཤེས་ཞེས་བྱ་སྟེ། རང་གི་ཐུན་མོང་མིན་པའི་བདག་རྐྱེན་དང༌། དེ་མ་ཐག་རྐྱེན་དང་རྒྱུ་རྐྱེན་གསུམ་ཚོགས་པ་ལས་སྐྱེས་ཤིང་དམིགས་རྐྱེན་མི་དགོས་སོ།།
དེ་ཡང་གསལ་རིག་གི་ངོ་བོ་ཇི་འདྲ་ཞིག་སྐྱེས་ཀྱང་རང་གི་སྣང་ཡུལ་དང་འཇུག་ཡུལ་གཉིས་ཚོགས་ལས་རང་གི་སྣང་ཡུལ་ལ་མི་བསླུ་བ་དྲན་ཤེས་ཀྱི་ཡུལ་དུ་གསལ་བའི་རིག་པ་ཙམ་ལ་གསལ་རིག་གི་ངོ་བོར་འཇོག་པ་ཡིན་ཏེ། དཔེར་ན་གློག་སྒྲོན་གྲུབ་ཙམ་ནས་ཕྱི་རོལ་གྱི་གཟུགས་གསལ་བ་དང༌། རང་གི་ངོ་བོ་གསལ་བ་གཉིས་ཚོགས་ཙམ་ལ་གློག་སྒྲོན་གྱི་གསལ་བར་ཡོངས་སུ་གྲགས་མོད་ཀྱང༌། ཞིབ་པར་དཔྱད་ཚེ། གློག་སྒྲོན་རང་གི་སྟེང་ལ་ཕྱི་རོལ་གྱི་གཟུགས་གསལ་བ་དང་རང་གི་ངོ་བོ་གསལ་བྱེད་གཉིས་དབྱེར་མེད་པ་ལྟར་གསལ་རིག་གི་ཤེས་པ་གང་ཡིན་ཡང་རང་གི་ཡུལ་རྣམས་གསལ་བ་དང༌། ངས་ཡུལ་འདི་དང་འདི་འདྲ་བ་ཞིག་ཤེས་བྱུང་སྙམ་པ་དང༌། ངའི་བསམ་བློ་ལ་འདི་དང་འདི་འདྲ་ཤར་བྱུང་སྙམ་པ་ལྟ་བུ་རང་གི་ངོ་བོ་རང་གིས་གསལ་བའི་ཆ་གཉིས་ཚོགས་ཡོད་པ་རང་གིས་རང་ལ་བརྟག་ནའང་སྒྲུབ་མི་དགོས་པ་རྩོད་མེད་ཡིན།
དེ་ལྟ་ནའང་ཚུལ་དེ་ནི་རང་ཅག་གི་བློར་དོན་གང་དང་གང་སྣང་ཡང་དེ་ནི་ཡུལ་གྱི་ངོས་ནས་ཚུར་གྲུབ་པ་དང༌། ཡུལ་གྱི་ངོས་ནས་ཚུར་རྣམ་པ་གཏད་པ་ལྟར་སྣང་ཞིང༌། དེ་ལྟར་བདེན་པར་ཞེན་པའམ་རང་མཚན་གྱིས་གྲུབ་པར་འཛིན་པའི་འཛིན་པ་ལྷན་སྐྱེས་ཀྱི་དབང་གི་སྣང་བ་ཡིན་ལ། དོན་དུ་དེ་ལྟར་མིན་པར་གློག་སྒྲོན་གྱི་འོད་ཀྱིས་གཟུགས་གསལ་བ་ཉིད་ཀྱིས་གློག་སྒྲོན་རང་འགྲུབ་པ་ལྟར། ཤེས་པ་རང་གིས་རང་གི་སྣང་ཡུལ་གསལ་བ་སྟེ་དེ་ལ་མངོན་སུམ་གྱིས་ཚད་མར་སོང་བ་ཉིད་ཀྱིས་རང་གི་འཇུག་ཡུལ་འཛིན་པ་དང༌། ཡུལ་ཅན་ཤེས་པ་འགྲུབ་པ་ནི་ཡུལ་དང་ཡུལ་ཅན་ཕན་ཚུན་ལྟོས་ནས་དྲན་ཤེས་ཀྱི་ཡུལ་དུ་འགྲུབ་པ་ཡིན་གྱི། བཏགས་དོན་བཙལ་ན་གསལ་རིག་གི་ངོ་བོ་མི་རྙེད་ཀྱང་བརྟེན་ནས་བཏགས་པ་ཙམ་དུ་དེ་ཐམས་ཅད་ཡོད་དོ།།
དེ་ལྟར་དབང་ཤེས་དང་ཡིད་ཤེས་ཐམས་ཅད་ཀྱི་གཞོན་པ་ནི་རླུང་ཡིན་ཏེ། དེའང་རླུང་ནི་ལོང་བ་རྐང་ལྡན་དང་རྣམ་ཤེས་ནི་མིག་ལྡན་ཞ་བོ་ལྟ་བུ་ཡིན་པས་དེ་གཉིས་ཕན་ཚུན་བརྟེན་ནས་རང་གི་ཡུལ་དུ་གྱུར་པ་རྣམས་ལ་ལོངས་སྤྱོད་པར་བྱེད་པ་ལས་རྣམ་ཤེས་ཁོ་ནས་རང་ཡུལ་ལ་འཇུག་མི་ནུས་པའི་གནད་ཀྱིས་རླུང་ལ་བརྟེན་ནས་ཡུལ་ལ་འགྲོ་བ་དང༌། དེའི་འགྲོ་ལམ་ནི་རྩ་ཡིན་པས་རྩ་དང་རྣམ་ཤེས་རླུང་གསུམ་པོ་རྟེན་དང་བརྟེན་པའི་ཚུལ་དུ་གྲུབ་པ་ཡིན། རླུང་དེ་ནི་ཕྱི་རོལ་ཏུ་རྒྱུ་བའི་རླུང་དང་མི་འདྲ་བར་ཤིན་ཏུ་ཕྲ་བ་གསལ་ཞིང་དྭངས་བ་ཞིག་ཡིན། དཔེར་ནི་མེ་ཏོག་སོགས་ཀྱི་དྲི་རླུང་ལ་ཞོན་ནས་འགྲོ་བ་བཞིན་གསལ་རིག་གི་ཤེས་པ་འདིའང་ལས་ཀྱི་རླུང་ལ་བརྟེན་ནས་ཡུལ་ལ་རྒྱུ་བར་བྱེད་ཅིང༌། དེ་དང་ལྷན་དུ་སྐྱེ་འཇིག་གཅིག་ཅར་དུ་བྱེད་པས་སྐྱེ་གནས་མི་འདྲ་བའི་ལུས་རྟེན་དེ་ཡང་གཙོ་བོ་ལས་རླུང་ཕྲ་བ་འདིའི་འགྱུར་ལྡོག་ལ་བརྟེན་པས་ལུས་རྟེན་ཐུན་མོང་བ་ནི་ལས་རླུང་འདི་ཉིད་ཡིན་ནོ།། དེ་དག་རླུང་གི་ཁམས་ལ་བརྟེན་ནས་སྐྱེ་འཇིག་བྱེད་ཀྱང་ཐུན་མོང་མ་ཡིན་པའི་བྱེད་ལས་ནི་རྣམ་ཤེས་སོ་སོའི་ཡུལ་གསལ་བ་དང༌། རིག་པ་དང༌། འཛིན་པ་སྟེ་འདུ་ཤེས་དང་དྲན་པའི་ཐུན་མིན་གྱི་རྐྱེན་བྱེད་པ་དང༌། དེ་བཞིན་དུ་འགྲོ་བསྐྱོད། འབྱིན་རྔུབ། ཁྲག་གི་འཁོར་རྒྱུ། བཟའ་བཏུང་མྱག་ཞུ། དབང་པོ་འབྱེད་འཛུམས། ཁུ་ཁྲག་མངལ་གནས་བཤང་གཅི་འབྱིན་སྡོམ་སོགས་རགས་པའི་ལུས་རྟེན་འདི་ཉིད་འཚོ་ཞིང་རྗེས་སུ་འཛིན་པ་དང༌། དེ་དག་ནད་དུ་གྱུར་པས་ལུས་མ་རུང་བར་བྱེད་པ་སོགས་གྱི་ལས་ཅན་གྱི་རླུང་གི་རྩ་བ་ནི་གོང་དུ་སྨོས་པའི་ཕྲ་བའི་རླུང་ཉིད་ཡིན་ཅིང༌། རགས་པའི་རླུང་གིས་རྒྱུ་ལམ་དུ་གྱུར་བ་རྣམས་ལས་རྒྱུ་ཞིང་རགས་པའི་ལས་བྱེད་ཚེ་ཕྲ་བའི་རླུང་རྣམས་བག་ལ་ཞ་བའི་ཚུལ་དུ་ཡོད་པ་དང༌། ནམ་ཞིག་རགས་པའི་ལས་ཅན་གྱི་རླུང་རྣམས་སྒོམ་སྟོབས་སམ་རྐྱེན་གཞན་གྱིས་བསྡུས་པའི་ཚེ་ཕྲ་བའི་རླུང་གིས་ཕྲ་བའི་རྒྱུ་ལམ་ནས་རྒྱུ་ཞིང་རང་གི་ལས་བྱེད་པ་དང༌། དེ་དག་ཤིན་ཏུ་ཕྲ་བའི་རླུང་ལ་ཐིམས་པ་ན་ཐ་མལ་པ་རྣམས་སྔར་སྨོས་པའི་འཆི་བའི་སྲིད་པར་ལོངས་སྤྱད་པ་དང༌། བསྒོམས་པའི་མྱོང་བ་ཅན་རྣམས་ཕྲ་བའི་རླུང་བསྡུས་ནས་ཤིན་ཏུ་ཕྲ་བའི་རླུང་སེམས་ལས་སྒྱུ་ལུས་ལྡང་བ་སོགས་ཤིན་ཏུ་ཟབ་པའི་ལམ་གྱི་གནད་དུ་མ་ཞིག་བླ་མེད་ཀྱི་རྒྱུད་སྡེ་རྣམས་ནས་གསུངས་ཡོད། མདོར་ན་ལུས་ལ་གནས་པའི་རྩ་ལམ་ལས་རྒྱུ་བའི་རླུང་གི་གྲོགས་ལ་བརྟེན་ནས་གསལ་རིག་གི་ངོ་བོ་ཅན་གྱི་ཤེས་པ་རྣམས་སྐྱེ་ཞིང་དེས་དྲངས་པའི་ལས་སྣ་ཚོགས་པ་འདུ་བྱེད་པ་དང༌། རླུང་ལ་རང་དབང་ཐོབ་ན་སེམས་ལ་རང་དབང་ཐོབ་སྟེ་འདུ་བྱེད་ཀྱི་ལས་ཐམས་ཅད་འགག་ནས་མཐར་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་གནད་ཀྱང་འདི་ཉིད་ཡིན་ནོ།།
དེ་ལྟར་མིག་སོགས་དབང་པོའི་ཤེས་པ་རྣམས་ནི་རང་གི་དབང་པོ་ལ་ལྟོས་པའི་ཡུལ་ད་ལྟ་བ་ཁོ་ན་ལས་འདས་པ་དང་མ་འོངས་པ་སོགས་ཀྱི་དོན་ལ་འཇུག་མི་ཐུབ་པས་རྟོག་མེད་ཀྱི་ཤེས་པ་ཞེས་བྱ་ཞིང༌། ཡིད་ཀྱི་ཤེས་པ་ནི་དེ་ལས་ལྡོག་སྟེ་འདས་པ་དང་མ་འོངས་པ་དང་ལྐོག་གྱུར་གྱི་དོན་སོགས་ལའང་འཇུག་ཅིང༌། སྦྱངས་ན་འཕེལ་རྒྱས་སྣ་ཚོགས་འགྲོ་བ་ཡིན་པས་རྟོག་པ་ཅན་གྱི་ཤེས་པ་བྱ་བ་ཡིན་ནོ།།
ཤེས་པ་དེ་དག་ཡུལ་ལ་ཚད་མར་འགྲོ་ཚུལ་ནི། རང་ཡུལ་གཙོ་བོ་མྱོང་སྟོབས་ཀྱིས་གྲུབ་པ་མངོན་སུམ་ཚད་མ་དང༌། ཡུལ་དེ་རང་ལ་མངོན་སུམ་དུ་གྱུར་པའི་ཚུལ་དུ་རྟོགས་པ་མངོན་སུམ་དུ་རྟོགས་པ། ཡུལ་ཅན་རང་ཉིད་ཡུལ་དེ་མངོན་སུམ་དུ་མྱོང་སྟོབས་ཀྱིས་རྟོགས་པ་ལ་མངོན་སུམ་གྱིས་རྟོགས་པ། རང་ཡུལ་གཙོ་བོ་དེ་རྟོག་སྟོབས་ཀྱིས་སྒྲུབ་པའི་ཤེས་པ་ལ་རྗེས་དཔག་ཚད་མ། རང་གི་འཇུག་ཡུལ་གཙོ་བོ་དེ་ལ་མི་བསླུ་བ་ཡིན་མིན་གྱི་ཆ་ནས་ཚད་མ་དང་ཚད་མིན་གྱི་ཁྱད་པར་འབྱེད་པར་བྱེད་པ་ཡིན། སྤྱིར་ཟག་བཅས་ཀྱི་ཤེས་པ་ཐམས་ཅད་ལ་ཡུལ་གང་སྣང་ཡང་རང་ངོས་ནས་གྲུབ་པའམ། ཡུལ་གྱི་ངོས་ནས་ཚུར་རྣམ་པ་གཏད་པ་ལྟ་བུ་འབའ་ཞིག་སྣང་བས་ཡུལ་དེ་ལ་འཁྲུལ་ཡང་ཡུལ་དེ་ལ་ཚད་མར་སོང་བ་འཇོག་པ་རྟེན་འབྱུང་གི་རྣམ་བཞག་ཐུན་མོང་མིན་པ་འཇོག་ཐུབ་པ་རྣམས་ལ་དཀའ་ཚེགས་མེད་ཀྱང༌། དོན་དེ་ལ་ཚད་མར་སོང་ན་དོན་དེ་ལ་མ་འཁྲུལ་བ་དགོས་པ་དང༌། དོན་དེ་ལ་འཁྲུལ་ན་དོན་དེ་མ་རྟོགས་དགོས་པས་བློ་དེས་དོན་དེ་ཡོད་པར་འཇོག་མི་ཐུབ་པ་རྣམས་ལ་ཚད་མ་དང་ཚད་མིན་གྱི་རྣམ་བཞག་དེ་ཡིས་འཇོག་མི་ཐུབ་བོ།།
མདོར་ན་སེམས་གསལ་རིག་ངོ་བོ་ཇི་འདྲ་ཞིག་སྐྱེས་ཀྱང་གསལ་བྱའི་ཡུལ་དང༌། བྱ་བ་གསལ་བ། གསལ་བྱེད་ཀྱི་སེམས་གསུམ་ཕན་ཚུན་ལྟོས་ནས་སམ་ཕྲད་པ་ལ་གསལ་རིག་ཅེས་བཏགས་པ་ཙམ་དུ་ཡོད་དེ། དཔེར་ན། གློག་ལྟ་བུ་གསལ་བྱའི་གཟུགས་དང༌། དེའི་གསལ་བ་འོད་ཟེར། གསལ་བྱེད་གློག་རྫས་གསུམ་ཕན་ཚུན་ཕྲད་པའི་ཚེ་ན་དེ་ལ་གློག་གི་སྣང་བའམ་གློག་ཅེས་པའི་ཐ་སྙད་དོན་མཐུན་རང་དབང་མེད་པར་འབྱུང་བ་བཞིན་ཡིན་ནོ།། དེ་ཡང་ཡུལ་གྱི་རྣམ་པ་གསལ་ཞིང་རིག་པ་ཙམ་དུ་སྐྱེ་པ་ལ་གཙོ་སེམས་དང༌། དེའི་འཁོར་དུ་སེམས་འབྱུང་ཚོར་བ་དང༌། འདུ་ཤེས། སེམས་པ། རིག་པ། ཡིད་ལ་བྱེད་པ་ལྔ་ངེས་པར་ཚང་དགོས་ཤིང༌། དེ་ལས་གང་རུང་གཅིག་མ་ཚོགས་ན་གསལ་རིག་གི་ངོ་བོ་སྐྱེ་མི་ནུས་པའི་ཕྱིར་ཏེ།
རང་གི་ཡུལ་མྱོང་བའི་རྣམ་པ་ཅན་དུ་མ་སྐྱེས་ན་ཡུལ་དེར་ངེས་ཤེས་འདྲེན་མི་ནུས་པས་ཡུལ་མྱོང་བའི་བྱེད་ལས་ཐུན་མོང་མ་ཡིན་པ་ནི་སེམས་བྱུང་ཚོར་བའོ།། ཡུལ་གྱི་ངོ་བོ་དང་བྱེ་བྲག་འབྱེད་མི་ནུས་ན་དེའི་ཐ་སྙད་མི་འདྲ་བའི་ངེས་ཤེས་མི་འདྲེན་ཞིང༌། བཟང་ངན་སོགས་ཀྱི་ཁྱད་པར་འབྱེད་མི་ནུས་པས་དེ་འདྲ་བའི་བྱེ་བྲག་འབྱེད་པའི་བྱེད་ལས་ཐུན་མོང་མིན་པ་ཅན་ནི་སེམས་འབྱུང་འདུ་ཤེས་སོ།། ཡུལ་རྒྱང་རིང་ཐུང་ཇི་ལྟར་ཡང་རང་ཉིད་ཡུལ་དེར་གཡོ་བའམ་འཇུག་པར་མི་ནུས་ན་ཡུལ་དང་ཡུལ་ཅན་འབྲེལ་བ་མི་འགྲུབ་པས་དེ་ལྟ་བུའི་ཡུལ་ལ་འཇུག་པའི་ཐུན་མོང་མིན་པའི་ལས་ཅན་ནི་སེམས་འབྱུང་སེམས་པའོ།། ཤེས་པ་དེ་ཉིད་ཡུལ་དེ་ལ་ཡུན་བསྲིང་ནས་བཟུང་བར་མི་ནུས་ན་དེ་ལ་ངེས་ཤེས་འདྲེན་མི་ནུས་པས་ཡུལ་ལ་ཟུག་ཅིང་དེ་ལ་ངེས་ཤེས་རང་སྟོབས་ཀྱིས་འདྲེན་པའི་ལས་ཅན་ནི་སེམས་བྱུང་རིག་པ་ཞེས་བྱའོ།། དེ་འདྲའི་ཡུལ་དེ་ཡིད་དང་མི་འབྲལ་བའི་བྱེད་ལས་ཅན་ཞིག་མེད་ན་དྲན་པའི་དྲན་ཤེས་སྐྱེད་མི་ནུས་པས་དེ་ཉིད་དྲན་ཤེས་སྐྱེ་བའི་ལས་ཅན་ནི་སེམས་འབྱུང་ཡིད་ལ་བྱེད་པཞེས་བྱ་སྟེ་དེ་དག་མེད་མི་རུང་བར་ཚང་དགོས་སོ།། འོ་ན་གསལ་རིག་གི་ཆ་ཤས་ཕྲ་མོ་གཅིག་ལའང་དེ་ལྔ་ག་ཚང་དགོས་སམ་ཇི་ལྟར་ཡིན་ཅེ་ན། དཔེར་ན་ཚ་བ་ལྟ་བུའི་ནད་གཞི་གཅིག་ལ་རྣོ་བ་དང་ཚ་བ་སོགས་རང་གི་ཆ་ཤས་དུ་མ་ཡོད་པ་དང༌། སྨན་ཐུན་གཅིག་ལའང་ནད་གཞི་དེའི་མཚན་ཉིད་དུ་མ་སེལ་བའི་ནུས་པ་གཅིག་ཏུ་ཚོགས་པའི་གོ་རྟོགས་སྨན་པ་མཁས་པ་ལ་མི་འགལ་བ་བཞིན། གསལ་རིག་གི་ངོ་གཅིག་ཡིན་ཀྱང་ཡུལ་གྱི་ངོ་བོ་དངོས་སུ་སྐྱེད་པའི་ཚེ་ན་བྱེད་ལས་དང་ལག་རྗེས་སོ་སོར་ཡོད་པ་ནི་སེམས་གསལ་རིག་གི་རྣམ་བཞག་ལ་ཆེད་དུ་གཉེར་ནས་སྦྱོང་བརྡར་བྱས་པ་རྣམས་ཀྱིས་ཤེས་ཐུབ་མོད། དེ་ལ་ཆེད་དུ་མ་སྦྱངས་པར་བརྡ་སྤྲོད་པ་ཙམ་མམ་གོ་ཐོས་ཙམ་གྱིས་ཤེས་པར་མི་ནུས་སོ།།
དེ་དག་ནི་སེམས་གསལ་རིག་གི་ངོ་བོ་ལ་གོ་བ་ཆགས་པའི་ཆེད་དུ་གོ་བདེ་བར་ཅུང་ཟད་ཕྱེ་བ་ཡིན་ཡང་མཐིལ་ཕྱིན་པ་ནི་ནང་པའི་གཞུང་ལུགས་རྣམས་དང༌། བོད་ཀྱི་གསོ་བ་རིག་པའི་གཞུང་རྣམས་ལ་སྦྱངས་ཤིང་ཡུན་རིང་འདྲིས་པ་ལས་ཤེས་དགོས་སོ།།
སེམས་ཁམས་དེ་དག་གང་ལ་བརྟེན་པ།
       སྤྱིར་སེམས་ཁམས་རིག་པ་ནི་མིའི་སེམས་ཁམས་ཀྱི་བྱ་བའམ་གཡོ་འགུལ་དང་འདུ་ཤེས་ལ་ཞིབ་འཇུག་དང༌། དེ་ཉིད་གཏན་ལ་འབེབས་པའི་གལ་ཆེའི་ཚན་རིག་ཅིག་ཡིན་པས། དེ་ནི་ཕྱི་དངོས་པོའི་འགྱུར་ལྡོག་དང་བྱེད་ལས་ལ་ལྟོས་ན་ནང་སེམས་ཁམས་ཀྱི་འགྱུར་ལྡོག་དང་སྣང་ཚུལ་བརྒྱ་འགྱུར་གྱི་སྣ་མང་ཞིབ་ཕྲ་ཅན་ཞིག་ཡིན་སྟབས་དེང་རབས་འཛམ་གླིང་ཐོག་གསལ་བཤད་མཐིལ་ཕྱིན་བྱེད་ཐུབ་མེད་པའི་གསང་རྒྱ་གསུམ་སྟེ་འཇིག་རྟེན་དང༌། ཚེ་སྲོག འདུ་ཤེས་གསུམ་གྱི་འབྱུང་རྩ་ལས་སེམས་ཁམས་རིག་པ་ནི་འདུ་ཤེས་ཀྱི་འབྱུང་རྩར་གྲགས་པ་དེ་ཉིད་ཡིན།
        དེ་ལྟ་བུའི་ཆེས་ཕྲ་བའི་དོན་གནད་ཅན་གྱི་སེམས་ཁམས་དེ་ཉིད་ཀྱི་ངོ་བོ་ནི་གོང་དུ་བཤད་པ་ལྟར་ལྟོས་ནས་གསལ་རིག་གི་ངོ་བོར་ཤར་བ་ཙམ་ཞིག་ཡིན་མོད་ཀྱང༌། གསལ་དྭངས་སོགས་ཡོན་ཏན་ནམ་བྱེད་ལས་ཀྱི་ཆ་ཡོངས་སུ་རྫོགས་མ་རྫོགས་ནི་དེ་ཉིད་གང་ལ་ལྡན་པའི་ལུས་རྟེན་ལ་ལྟོས་ཚབ་ཆེན་པོ་ཡོད་པ་ནི་རིག་པ་དང་ཉམས་ཞིག་ལ་མ་ལྟོས་པར་རྒྱུན་ལྡན་མཐོང་ཆོས་སུ་ཡོད་པའི་ཁོར་ཡུག་གི་སེམས་ལྡན་རྣམས་ཀྱི་བྱ་སྤྱོད་ལས་རྟོགས་ནུས་པའི་ཕྱིར་ན་ལུས་ཙམ་གསལ་རིག་སེམས་ཁམས་ཀྱི་རྟེན་བྱེད་པ་སེམས་ཁམས་རིག་པ་སྨྲ་བ་སྔ་ཕྱི་རྣམས་ལ་མི་མཐུན་པ་མེད་ཀྱང༌། ལུས་ཞིག་པའི་རྗེས་སུ་སེམས་ཁམས་ཇི་ལྟར་འགྱུར་བ་དང༌། སེམས་ཁམས་སམ་རྣམ་ཤེས་དེ་ཉིད་ལུས་དང་ཇི་ལྟར་འབྲེལ་ཚུལ་དང༌། དེ་བཞིན་ལུས་ཀྱི་ཆ་གང་དང་གང་ལ་གཙོ་བོར་གནས་པ་སོགས་ལ་ལྟ་ཚུལ་མི་མཐུན་པ་ནི་གྷིརིག་སེའི་སྐྱེ་ཁམས་རིག་པ་མཁས་ཅན་ Aristotle སྤྱི་ལོའི་སྔོན་གྱི་༢༨༤་༣༢༢྄གྱིས་སྙིང་ཁམས་ནི་ལུས་སྟེང་གི་གལ་ཆེའི་དབང་རྟེན་ཡིན་པ་དང༌། འགུལ་བསྐྱོད་ཀྱི་ཐོག་མ་དང༌། མཇུག་བསྡུད་ཀྱི་ཐ་མར་བཤད་མི་ལུས་གྲུབ་ཚུལ་གྱི་གསང་བ།། དེ་བཞིན་གྲ་བཅོས་རིག་པ་མཁས་ཅན་ Alkeyon སྤྱི་ལོའི་སྔོན་༦༠༠གྱིས་མིའི་དབང་ཤེས་རྣམས་ནི་ཀླད་པ་དང་འབྲེལ་བ་ཡོད་པར་རྟོགས། དེ་སང་མཁས་པ་མང་པོས་སེམས་ཁམས་ཀྱི་དབང་རྟེན་ཀླད་པ་ཡིན་པར་གསར་གཏོད་བྱེད་མཁན་ནི་སི་པན་ (Spain)གྱི་གྲ་བཅོས་མཁས་ཅན་ཁ་ཧེར་དུས་རབས་ཉི་ཤུ་པའི་དུས་མགོར ཡིན་པར་སྨྲ། དེ་ལས་ཆེས་སྔ་བ་རྒྱ་ནག་མིང་རྒྱལ་རབས་སྐབས་ཀྱི་སྨན་པ་ལེཧྲིཀྲེན་ ༡༥༡༨་༡༥༩༣ གྱིས་ཀླད་པ་ནི་སེམས་ཁམས་ཀྱི་རྟེན་བྱེད་པའི་ཤོད་སྲོལ་གསར་གཏོད་བྱས་ཡོད། རྒྱ་ནག་གི་གསོ་རིག་སྨྲ་བ་ཀྲུང་དབྱི་ རྣམས་ཀྱིས་ནི་སེམས་ཁམས་ཀྱི་སྣང་ཚུལ་ཡོད་རྒུ་ཀླད་པ་དང་འབྲེལ་བ་མེད་པར་གཅིག་ཏུ་སྙིང་ཁམས་ཀྱི་བྱེད་ནུས་སུ་བཤད་ཡོད།
ནང་པའི་གཞུང་རྣམས་དང༌། ལྷག་པར་སེམས་ཁམས་ཆགས་སྟངས་ཀྱི་རྣམ་བཞག་ཤིན་ཏུ་ཟབ་པ་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ལས་ཡར་སྣ་སྤྱི་བོའི་ཀླད་པ་བདེ་ཆེན་གྱི་འཁོར་ལོ་ནས་མར་སྣ་གསང་གནས་ཀྱི་འཁོར་ལོར་ཐུག་བར་གནས་པའི་རྩ་དབུ་རྐྱང་རོ་གསུམ་དང༌། ཁྱད་པར་དངོས་ཤུགས་བརྒྱུད་གསུམ་གྱིས་དབུ་མར་གནས་པའི་སྲོག་འཛིན་གྱི་རླུང་ཕྲ་རགས་རྣམས་ནི་སེམས་གསལ་རིག་གི་རྟེན་ཡིན་པ་དང༌། ལུས་རྟེན་གྲུབ་སྐབས་ཐོག་མར་ཤིན་ཏུ་ཕྲ་བའི་སྲོག་འཛིན་གྱི་རླུང་གི་མཐུས་རྩ་དབུ་མའི་གཞི་གཏིང་ཞིང་དེ་ནས་སྙིང་གའི་རྩ་ཁམས་ཆགས་པ་དང༌། དེ་ལས་ལུས་ཀྱི་སྟོད་སྨད་ཀྱི་ཆ་རྣམས་རིམ་བཞིན་འཕེལ་ཞིང་རྫོགས་པ་དང༌། འཆི་བའི་ཚེ་ལུས་ཀྱི་འབྱུང་ཁམས་ཡོངས་ཀྱི་ནུས་པ་སྙིང་གའི་དབུ་མར་གནས་པའི་ཕྲ་བའི་རླུང་ལ་བསྡུ་བར་གསུངས་ཡོད།
        དེ་བཞིན་བོད་ཀྱི་གསོ་བ་རིག་པའི་གཞུང་འབུམ་བཞི་ སྤྱི་ལོའི་སྔོན་གྱི་ལོ་ ༡༦༠༠༠་ ལྷག་གཤེན་རབ་རྒྱལ་མཚན། ༥༠༠༠ BCལྷག་ནམ་མཁའི་ནོར་བུ་ དང༌། དེ་བཞིན་དཔལ་ལྡན་རྒྱུད་བཞི་ དུས་རབས་བརྒྱད་ ༧༦༨་༨༤༠ པ་གཡུ་ཐོག་རྙིང་མ་ གཉིས་ཀ་ཞལ་མཐུན་པར། དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ། །ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར། །ཞེས་དང༌། དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ། །སྙིང་ལ་སྲིད་ཅིང་རྩ་ཕྲན་ལྔ་བརྒྱས་བསྐོར།། ཞེས་དང༌། ཀླད་པ་ལས་བྱུང་རྩ་དཀར་ཐུར་དུ་ཟུག །ནང་རྩ་དོན་འབྲེལ་ཕྱི་རྩ་ཡན་ལག་འབྲེལ། །ཞེས་ཀླད་པ་ནི་མིག་སོགས་དབང་པོ་ལྔ་པོའི་གསལ་རིག་གི་ཤེས་པ་རྣམས་རང་རང་གི་ཐུན་མིན་གྱི་ཡུལ་རྣམས་ལ་ལོངས་སུ་སྤྱོད་པའི་བདག་རྐྱེན་བྱེད་པ་དང༌། དེ་དག་ཤེས་པའི་རྒྱུན་ལ་ཡུན་དུ་གནས་ཤིང་མི་འབྲལ་བའི་དྲན་ཤེས་རྣམས་ནི་སྙིང་གར་གཙོ་བོར་གནས་པའི་རླུང་གིས་བྱེད་པར་བཤད། དེ་བཞིན་དུ་ཀླད་པ་ནི་ནང་གི་མཆིན་པ་སོགས་དོན་སྣོད་རྣམས་དང་ཐད་ཀར་འབྲེལ་ཞིང་དེ་དག་རང་གི་ཐུན་མིན་བྱ་བ་རྣམས་ལ་བཏང་འཛིན་དང༌། དེ་བཞིན་དུ་ཕྱིའི་ཡན་ལག་དང་འབྲེལ་ཞིང་དེ་དག་གི་རྩ་དང་ཆུ་རྒྱུས་དང༌། ཉྭ་རྣམས་ལ་ཐད་ཀར་བཀོད་འདོམས་བྱས་ཏེ་བརྐྱང་སྐུམས་འབྱེད་འཛུམས་སོགས་བྱེད་པར་བཤད་པ་དང༌། དེ་བཞིན་དུ་སྨན་དཔྱད་ཟླ་བའི་རྒྱལ་པོ་ དུས་རབས་བདུན་པ་དང་བརྒྱད་པ་མཁས་མང་བགྲོས་པའི་གཞུང་ ལས་ཀྱང་ཀླད་པ་ནི་ལུས་ཀྱི་དབང་པོ་དོན་སྣོད་ཀུན་ལ་དབང་བསྒྱུར་བ་པོའམ་ལུས་དབང་ཡིན་པར་བསྟན་པ་དང༌། དེང་སང་ཚན་རིག་པ་རྣམས་ཀྱིས་ཤེས་པ་ཐམས་ཅད་ཀླད་པའི་ཕྲ་རྡུལ་གྱི་བྱེད་ལས་འབའ་ཞིག་ཏུ་བཤད་པ་སོགས་དེང་སང་མཁས་བླུན་ཀུན་གྱིས་མིག་བཙུམས་ནས་སྦར་མོ་འདེབ་ས་འདི་ཡིན།
        མདོར་ན་ཤེས་པ་དེ་ཉིད་སྙིང་གར་གནས་པ་དང༌། ཀླད་པར་གནས་པ་དང༌། སྙིང་ག་དང་ཀླད་པ་གཉིས་གར་གནས་པར་འདོད་པ་སྟེ་གསུམ་ལས་བོད་ཀྱི་གསོ་བ་རིག་པ་དང༌། གསང་སྔགས་ཀྱི་གཞུང་རྣམས་ནི་ཕྱི་མའི་ཕྱོགས་ཡིན་ནོ།། དེ་ཡང་ཀླད་པ་ཁོ་ན་ལས་གསལ་རིག་གི་རྣམ་ཤེས་རྣམས་འབྱུང་བར་བཤད་པ་འདི་ལའང་བསམ་དགོས་པ་འགའ་ཞིག་སྣང་སྟེ། ཉེ་ཆར་རྒྱ་ནག་གི་སེམས་ཁམས་རིག་པ་མཁས་ཅན་སཱུ་ཧྲིས་ བསམ་བློ་ཉིད་ཀླད་པ་ཁོ་ནའི་ཟག་ཐོན་གྱི་དངོས་པོ་ཡིན་པར་ངོས་འཛིན་བྱས་ནས་བསྡད་ཚེ། ང་ཚོར་ཐོབ་པའི་མཇུག་བསྡོམས་གྱི་གྲུབ་འབྲས་ནི་རྣམ་ཤེས་བྲལ་བའི་སེམས་ཁམས་སྨྲ་བ་ཞིག་ཏུ་འགྱུར་ངེས་རེད་ཅེས་གསུངས་པར་རྒྱུ་མཚན་ཆེན་པོ་ཡོད་པར་མངོན། གོང་དུ་བཤད་པ་ལྟར་གསལ་རིག་གི་ཤེས་པ་ནི་རང་སྐྱ་ཐུབ་པའི་རྫས་ཡོད་ཅིག་མིན་པར་ཡུལ་དང་ཡུལ་ཅན། རྒྱུ་དང་རྐྱེན་དུ་མ་ཞིག་ཚོགས་པས་རང་གི་ངོ་བོར་བསྐྱེད་པ་ཡིན་པའི་ཕྱིར་ན་ཀླད་པ་དང་སྙིང་ག་གཉིས་ཀར་སེམས་ཀྱི་བརྟེན་དུ་བཞེད་པ་ནི་དངོས་དོན་དང་མཐུན་པར་སྣང་སྟེ། དཔེར་ན་རྐྱེན་གློ་བུར་བས་ཤི་བ་མིན་ཅིང་ལུས་ཀྱི་འབྱུང་ཁམས་རང་བབས་སུ་རིམ་གྱིས་ཐིམ་ནས་ཤི་བའི་མི་རྣམས་འཆི་ཁར་མིག་སོགས་དབང་ཤེས་རྣམས་ཐིམ་སྟེ་ཕྱི་རོལ་གྱི་གཟུགས་སྒྲ་སོགས་ལ་ལོངས་སྤྱོད་མི་ཐུབ་པར་གྱུར་ཀྱང་སྙིང་གར་ད་དུང་དྲོད་ཡོད་པ་དང༌། དབུགས་ཀྱང་འབྱིན་རྔུབ་བྱེད་པ་འདིར་བརྟག་ནའང་ཀླད་པའི་བྱེད་ལས་གཙོ་བོ་ཅན་གྱི་དབང་ཤེས་རགས་པ་རྣམས་ཉམས་ཀྱང་ཤེས་པ་ཕྲ་བ་ད་དུང་སྙིང་གར་གནས་ཡོད་པ་དང༌། དེས་སྣང་མཆེད་ཐོབ་གསུམ་གྱི་འཆི་སེམས་ཕྲ་མོ་རྣམས་རིམ་པས་ཉམས་སུ་མྱོང་བ་ཡིན་པ་ཤེས་ཐུབ། དེ་བཞིན་ལོ་སྔོན་མར་ ༢༠༠༤ ཨ་རིར་བུ་མོ་ཞིག་ལོ་གྲངས་དུ་མའི་སྔོན་ནས་ཀླད་པ་ཤི་བས་ཚོར་སྣང་གཡོ་འགུལ་ཐམས་ཅད་མེད་པར་རོ་ལྟར་གྱུར་པ་དེ་ཉིད་སྙིང་ཁམས་རྒྱུན་ལྡན་བཞིན་ཡོད་པ་ཐ་མར་ཁབ་ལ་བརྟེན་ནས་སྙིང་གི་རྒྱུ་བ་བཀག་རྒྱུ་ཁྲིམས་ཐོག་ནས་ཐག་བཅད་དགོས་བྱུང་བ་ལྟ་བུ་དང༌།
        དེ་བཞིན་གྲ་བཅོས་སྐབས་སུ་སྦྲིད་སྨན་དང་སྐམ་ཁབ་འདེབས་པ་སོགས་ཀྱིས་གནས་སྐབས་དབང་ཤེས་ཉམས་པར་བྱས་ཀྱང་སྙིང་གའི་བྱེད་ལས་རྒྱུན་ལྡན་ཅན་དུ་གནས་ན་ལས་དོན་དེ་བདེ་བླག་ཏུ་གྲུབ་པ་མཐོང་རྒྱུ་ཡོད་པ་འདིས་ཀྱང་ཀླད་པ་ཁོ་ནར་བརྟེན་མེད་པ་རྟོགས་ནུས།
        དེར་མ་ཟད་སྒོམ་སྟོབས་ཀྱིས་རླུང་སྙིང་གའི་དབུ་མར་བསྡུ་ཐུབ་ན་ལྟ་ཅི་སྨོས། དེ་ཉིད་ལ་གོམ་པ་ལྷུར་བླངས་ནའང་ཇི་ཙམ་གོམ་པའི་ཚོད་ཀྱིས་ལུས་སེམས་གཉིས་ཀའི་བདེ་ཐང་ལ་ཕན་ནུས་ཆེན་པོ་ཐོན་པ་དང༌། ཚེ་རིང་དུ་གནས་ཐུབ་པ་སོགས་དེང་སང་ཡོངས་སུ་གྲགས་པ་འདིས་ཀྱང་སེམས་ཁམས་གསལ་རིག་འདི་ཉིད་བསྐུལ་བ་པོའི་རླུང་དེའི་རྒྱུ་ལམ་ཕྲ་བའི་རྩ་ཁམས་རྣམས་ཀྱི་གནས་གཙོ་བོ་སྙིང་ག་ཡིན་པ་དང༌། ཀླད་པའི་དབང་རྩ་རྣམས་ནི་གསལ་རིག་གི་སེམས་དང་ཕྱི་རོལ་གྱི་ཡུལ་གཉིས་འབྲེལ་འཐུད་བྱེད་སའི་གལ་ཆེའི་བསྟི་གནས་ཤིག་ཡིན་སྟབས་སྙིང་དང་ཀླད་པ་གཉིས་ཀར་གནས་པའི་རྩ་རླུང་གི་ནུས་པ་ལ་བརྟེན་ནས་སེམས་ཁམས་གསལ་རིག་གི་བྱ་བ་སྣེ་མང་རྙོགས་འཛིང་ཅན་རྣམས་སྐྱེ་ཐུབ་པའི་ལྟ་བ་འདི་ནི་སེམས་ཁམས་རིག་པ་ཆགས་ཚུལ་གྱི་ལྟ་བ་གསར་གཏོད་བླ་ན་མེད་པ་ཞིག་ཡིན། འདི་ནི་དེང་དུས་ཀྱི་གཟུར་གནས་མཁས་པ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་དང༌། དེང་རབས་འཕྲུལ་ཐབས་ཀྱི་ཡོ་བྱད་གསར་པ་རྣམས་ལས་རིམ་པས་ཤེས་རྟོགས་དང་ར་སྤྲོད་ཡོང་ཐུབ་ངེས་རེད།
མི་གཤིས།
  དེང་སང་མི་གཤིས་ཀྱི་སེམས་ཁམས་རིག་པ་ཞེས་འཛམ་གླིང་ཀུན་ཏུ་མཁས་པ་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་པ་ཡིན། དོན་དངོས་ཀྱི་ཆ་ནས་ཀྱང་འཇིག་རྟེན་འདིར་གནས་པའི་མི་རྣམས་ཀྱི་གཤིས་ཀ་གཅིག་ཏུ་གྱུར་པ་གཅིག་ཀྱང་མེད་ཅེས་ཤོད་ཐུབ། དེ་ཡང་གནའ་རབས་ Greek གི་སྨན་པ་ཞིཔོཁེརཏི་ ༤༦༠་༣༧༠ BC ནི་འཛམ་གླིང་ཐོག་མི་གཤིས་རིག་པ་སྨྲ་བ་ཐོག་མའི་གྲས་ཡིན་ཅིང༌། ཁོང་གིས་ཁྲག་མང་ཅན་དང༌། འབྱར་ཚི་ཅན། མཁྲིས་ཁུ་ཅན། ཡིད་མུག་ཅན་བཅས་བཞིར་ཕྱེ་ནས་འགྲེལ་བཤད་གནང༌། དེ་བཞིན་ Thales ཀྱང་མི་གཤིས་རིག་པ་བཤད་ཡོད་ཅིང༌། དེ་ནི་བློ་ཁ་ནང་གཏད་ཅན་དང༌། བློ་ཁ་ཕྱི་གཏད་ཅན་བཅས་གཙོ་བོ་སེམས་ཁམས་དེ་ཉིད་མི་གཤིས་ཀྱི་རྨང་གཞིར་བཟུང་ཞིང༌། ཁོང་གིས་མི་གཅིག་ལའང་གཤིས་ཀ་གཉིས་ཀའི་ཁྱད་ཆོས་ཡོད་པར་གསུངས་ཡོད། དེ་བཞིན་མཁས་དབང་པོ་ཐོ་ལོ་ཧཕུ་ནི་ཀླད་པའི་བྱ་ལས་ལ་ཉམས་ཞིབ་དང༌། མཐོ་རིམ་དབང་རྩའི་འགུལ་བསྐྱོད་སྨྲ་བ་གསར་གཏོད་པ་ཞིག་ཡིན་ཅིང༌། ཁོང་གིས་མཐོ་རིམ་དབང་རྩའི་གཡོ་འགུལ་གྱི་ཁྱད་རྟགས་རགས་པ་དང༌། མྱུར་བ་དང༌། སྙོམས་པ་སྟེ་གསུམ་གྱི་ཁྱད་ཆོས་རྣམས་ཕན་ཚུན་ཆ་ཤས་མི་འདྲ་བར་འདྲེས་པ་ལས་རྩ་བའི་མི་གཤིས་ཀྱི་དབྱེ་བ་བཞིར་ཡོད་པར་བཤད། དེ་ནི་སྤྲོ་ཟེངས་ཅན། ངར་ལངས་ཅན། དངས་རིངས་ཅན། ཉམས་ཆུང་ཅན་ཏེ་བཞི་པོ་ཡིན་ཅིང༌། དེ་ནི་དངོས་ཡོད་ཀྱི་བདེན་དཔང་དང་ཚན་རིག་ལྟ་བའི་གཞི་འཛིན་ས་ཆེན་པོ་ཡོད་པས་ད་ལྟའི་མཁས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་ཁས་ལེན་བྱེད། ཁོང་གིས་ཀླད་པའི་དབྱིངས་སུ་ཡོད་པའི་རྫས་གྱུར་གྱི་གྲུབ་ཆའི་ཁྱད་པར་གཙོ་བོར་བཟུང་ནས་མི་གཤིས་རིག་པ་གཏན་འབེབས་མཛད་ཡོད།
ཉེ་རབས་འཇར་པན་ Japan གྱི་མཁས་པ་ཀོཁྲུནཀྲུཨར་གྱིས་མིའི་ལུས་ཀྱི་ཁྲག་རིགས་མི་འདྲ་བ་ B,  A, O, E བཞི་པོ་ལ་བརྟེན་ནས་མིའི་གཤིས་ཀ་མི་འདྲ་བར་ཡོད་པར་བཤད་ཡོད། དེ་ཡང་གཙོ་བོར་རྫས་འགྱུར་རིག་པའི་ལྟ་གྲུབ་གཙོ་བཟུང་བྱས་པར་སྣང༌།
དེ་ཡང་གོང་སྨོས་དེ་དག་ལས་ཆེས་སྔ་བའི་རྒྱ་གར་གྱི་རིག་བྱེད་དང༌། ཚེའི་རིག་བྱེད་སོགས་ལས་མི་གཤིས་རིག་པ་ཆེས་ཟབ་རྒྱས་ཀྱི་ཚུལ་དུ་སྣ་ཚོགས་ཤིག་སྣང་ཞིང༌། དེ་དག་གཞི་འཛིན་ས་འགའ་ཞིག་ནི་འབྱུང་ཁམས་ཀྱི་རིག་པ་དང༌། འགའ་རེ་རྟག་བརྟན་འགྱུར་མེད་དུ་འདོད་པའི་རིག་བྱེད་ལས་བསྟན་པའི་རྒྱུ་མཚན་ཡོད་ངེས་ལས། ད་ལྟའི་རང་ཅག་གིས་ལྐོག་གྱུར་དུ་གནས་པས་ཡིད་ཆེས་ཚད་མའི་སྤྱོད་ཡུལ་དུ་མི་སྣང་ཞིང༌། དེ་དག་ཕལ་ཆེ་བ་ནི་དངོས་ཡོད་སེམས་ཁམས་རིག་པའི་གཞི་རྩའི་ཁྱད་ཆོས་དང་ཡོངས་སུ་མཐུན་པ་དང༌། དུ་མ་ནི་དབང་བསྒྱུར་བྱེད་པོས་གཞན་ལ་དབང་བསྒྱུར་བྱེད་ཀྱི་གལ་ཆེའི་ཡོ་བྱད་སྲ་བརྟན་ཞིག་ཏུ་དམིགས་ནས་ཆེད་དུ་བྱས་པའི་ཡ་ང་མེད་པའི་ལྟ་ངན། འགྲོ་བ་མིའི་རིགས་ཀྱི་དགོས་མཁོ་དང་ཡོངས་སུ་མི་འཚམས་པའང་ཡོད་པ་ཡིན།
དེ་བཞིན་སྟོན་པ་བདེ་བར་གཤེགས་པས་བཀའ་སྩལ་བའི་མདོ་སྔགས་ཀྱི་ལམ་རྣམས་ཀྱང་གཙོ་ཆེར་མིའི་གཤིས་དང་བསྟུན་ནས་གསུང་པས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དུ་གྲགས་པ་བྱུང་བ་དང༌། དེ་དག་གི་ཁྲོད་དུ་མི་གཤིས་རིག་པ་མཐའ་ཡས་པ་ཞིག་དངོས་ཤུགས་ཅི་རིགས་ནས་བསྟན་ཡོད་ཅིང༌། དེ་ནི་ཆགས་སོགས་ཉོན་མོངས་ཞི་རགས་ཀྱི་ཁྱད་པར་ལ་གཞི་རྩར་བཟུང་ནས་གདུལ་བྱ་དེ་ཉིད་ཀྱི་གཏན་བདེར་དམིགས་པ་ཤ་སྟག་ཡིན་པས་ཞི་བ་དང་གྱ་ནོམ་པ། ཆོས་ཉིད་དང་ཡོངས་སུ་འཚམས་ཞིང་མཚན་རིག་གི་གཞི་འཛིན་ས་ཡོད་པ་ཤ་སྟག་ཡིན། དེ་བཞིན་འཕགས་བོད་ཀྱི་མཁས་དབང་དུ་མས་མིའི་མཚན་ཉིད་བརྟག་པ་རྒྱ་མཚོ་དང༌། ལུགས་ཀྱི་བསྟན་བཅོས་སོགས་མི་གཤིས་རིག་པའི་རྣམ་བཞག་དངོས་སུ་སྟོན་པའི་ལེགས་བཤད་མཐའ་ཡས་པ་ཡོད་པ་མ་ཟད། རིག་པའི་གནས་ལྔ་དངོས་ཀྱི་བརྗོད་བྱར་བྱས་པའི་བསྟན་བཅོས་རྣམས་ལས་ཀྱང་ཞར་བྱུང་དུ་མི་གཤིས་རིག་པ་སྟོན་པ་མང་དུ་ཡོད་པ་བློ་ལྡན་རྣམས་ཀྱིས་གཟིགས་ན་མཁྱེན་རྟོགས་ཐུབ།
བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་རྣམས་ལས་མི་གཤིས་ཀྱི་རིག་པ་དངོས་སུ་བསྟན་པ་ལྟར་ན། རླུང་སོགས་རྐྱང་པའི་རང་བཞིན་གསུམ་དང༌། རླུང་མཁྲིས་གཉིས་ལྡན་སོགས་ལྡན་པའི་རང་བཞིན་གསུམ། ཉེས་གསུམ་འདུས་པ་གཅིག་སྟེ་མི་འདྲ་བ་བདུན་དུ་བསྡུས་ནས་དེ་དག་གི་ལུས་ཀྱི་བང་ཚད། དབྱིབས་དང་ཁ་དོག རྣམ་དཔྱོད་ཀྱི་ཤེས་རབ། ཚེ་དང་ནོར། ཉམས་དང་རྨི་ལམ་སོགས་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་གཏན་ལ་ཕབས་ཡོད་ཅིང༌། དེའི་གཞི་འཛིན་ས་གཙོ་བོ་ནི་འབྱུང་ལྔའི་རིགས་པའི་ཐོག་ནས་སེམས་ཁམས་གཙོ་བོ་བཟུང་བ་ཡིན་ཅིང༌། གོང་དུ་བཤད་པའི་མི་གཤིས་རིག་པ་སྨྲ་བ་རྣམས་ཀྱི་གཞི་རྩའི་ལྟ་བ་བཟུང་ས་མི་འདྲ་བ་དང༌། ཞིབ་འཇུག་གི་ཐབས་ལམ་མི་འདྲ་བ་སོ་སོ་བྱུང་ཡང་གྲུབ་དོན་མཇུག་འབྲས་ཕལ་ཆེར་བོད་ཀྱི་གསོ་རིག་གིས་གཏན་ལ་ཕབས་པའི་མི་གཤིས་རིག་པ་དང་གཅིག་མཚུངས་སུ་གྱུར་པ་ཤ་སྟག་ཡིན།
དེ་ཡང་སྤྱིར་མི་གཤིས་རིག་པ་སྨྲ་བ་རྣམས་ཀྱི་རྨང་གཞིའི་ལྟ་ཚུལ་ནི། སྐྱེ་ལུགས་རྨང་གཞིར་འཛིན་པ་དང༌། སེམས་ཁམས་རྨང་གཞིར་འཛིན་པ། དེ་གཉིས་ཀ་རྨང་གཞིར་བཟུང་བ་བཅས་གསུམ་དང༌། དེ་བཞིན་དུ་མི་གཤིས་འགྲུབ་ཚུལ་ལ། རིགས་བརྒྱུད་དང་སྐྱེས་ཐོབ་གཙོ་བོར་སྨྲ་བ། ཁོར་ཡུག་དང་རྗེས་ཐོབ་གཙོ་བོར་སྨྲ་བ་བཅས་ཡོད་པ་ཡིན་ནོ།།
གསོ་རིག་དང་སེམས་ཁམས་བར་གྱི་འབྲེལ་བ།
སེམས་ཁམས་རིག་པ་ནི་མིའི་རིགས་ཀྱི་སེམས་ཁམས་འཕེལ་རྒྱས་དང་འགྱུར་ལྡོག་འགྲོ་ཚུལ་ལ་བརྟག་སྟེ་རིགས་བརྒྱུད་དང་ཁོར་ཡུག་སོགས་ཀྱིས་སེམས་ཁམས་འཁྲུགས་པའི་ནད་རིགས་གསོ་བཅོས་བྱེད་པ་དང༌། གསོ་བ་རིག་པས་མིའི་ལུས་ཁམས་ཀྱི་འབྱུང་བ་ཆ་མ་སྙོམ་ཞིང་འཁྲུགས་པས་གནོད་བྱའི་ཁམས་རྣམས་ཀྱི་རང་བཞིན་ཀྱང་མ་སྙོམ་པར་གྱུར་བ་ལ་ཞིབ་གཤེར་བྱས་ནས་གསོ་བཅོས་བྱ་ཐབས་ཤིག་ཡིན་པས་དེ་གཉིས་རྟེན་དང་བརྟེན་པའམ་ཆོས་དང་ཆོས་ཅན་གྱིས་འབྲེལ་བ་ཡོད།
དེ་ཡང་བོད་ཀྱི་གསོ་བ་རིག་པའི་གཞི་རྩའི་ལྟ་གྲུབ་ལྟར་ན་ལུས་ཀྱི་ནད་ཐམས་ཅད་ཀྱི་དངོས་རྒྱུ་ནི་ཆགས་སོགས་དུག་གསུམ་ཡིན་པ་དང༌། ཆགས་སོགས་མངོན་འགྱུར་བར་གྱུར་ཚེ་སེམས་ཁམས་ཀྱི་རང་བཞིན་ཡོངས་སུ་འགྱུར་ནས་སེམས་ཁམས་ཀྱི་ནད་ཅན་དུ་འགྱུར་བ་ནི་བྱིས་པས་ཀྱང་རྟོགས་པས་ན་ལུས་སེམས་གཉིས་ཀའི་ནད་ཀྱི་རྒྱུ་ནི་གཅིག་ཁོ་ན་ཡིན་ཀྱང་དེའི་འབྲས་བུ་ལུས་སེམས་སོ་སོར་ཐོན་པ་དང༌། དེ་བཞིན་དུ་ལུས་ལ་ནད་ཀྱིས་མནར་ཚེ་སེམས་མི་བདེ་བ་དང༌། སེམས་ལ་བདེ་བ་དང་མི་ལྡན་ཚེ་ལུས་ལ་བདེ་བ་མེད་པ་སོགས་འདི་གཉིས་ངོ་བོ་བདག་ཉིད་གཅིག་པའི་འབྲེལ་བ་ཡོད་པའི་ཕྱིར་ན་མཁས་པ་དག་གིས་གཅིག་ཤོས་སྣང་མེད་དུ་མི་འཇོག་པར་གཉིས་ཀའི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ་གཉིས་ཀའི་གནས་ལུགས་རྟོགས་པའི་སྒོ་ནས་མིའི་བདེ་ཐང་ལ་འགན་ཁུར་མཁན་ཞིག་ཡོད་པ་གལ་ཆེ་བ་ཡིན་ནོ།།
གཞན་ཡང་སེམས་ཁམས་རིག་པ་འདི་ཉིད་སྤྱི་ཚོགས་ཚན་རིག་གི་ཁོང་སུ་གཏོགས་པ་དང༌། རང་བྱུང་ཚན་རིག་གི་ཁོངས་གཏོགས་པ་བཅས་ལ་གཅིག་གྱུར་ལྟ་སྟངས་ཤིག་མེད་དེ། འགས་མིའི་ལུས་སེམས་གཉིས་ཀ་རང་བྱུང་གི་སྣང་ཚུལ་ཞིག་ཡིན་པས་རང་བྱུང་ཚན་རིག་གི་ཁོངས་སུ་གཏོགས་པར་འདོད། མི་ལ་ལས་མིའི་འདུ་ཤེས་ཀྱི་བྱ་བ་མཐའ་དག་སྤྱི་ཚོགས་དང་འབྲེལ་བའི་བརྒྱུད་རིམ་ལས་བྱུང་བ་ཡིན་པས་དེ་ནི་སྤྱི་ཚོགས་ཚན་རིག་གི་ཁོངས་གཏོགས་ཡིན་པར་སྨྲ། འོན་ཏེ་བོད་ཀྱི་གསོ་བ་རིག་པ་དང་སེམས་ཁམས་རིག་པ་ནི་བོད་མི་རིགས་འདི་ཉིད་འཕེལ་འགྱུར་བྱུང་བའི་བརྒྱུད་རིམ་རིང་པོའི་ནང་གི་རང་བྱུང་ཁམས་ཀྱི་ཆོས་ཉིད་ཀྱི་མྱོང་བ་རྣམས་རིམ་བསག་གིས་བྱུང་བ་ཡིན་པ་དང༌། དེ་ལྟ་བུའི་རང་བྱུང་གི་ཆོས་ཉིད་ཀྱི་ངོས་འཛིན་རྣམས་ཀྱང་སངས་རྒྱས་ཀྱི་དགོངས་པ་སོགས་སྤྱི་ཚོགས་ཚན་རིག་གི་སྲོལ་དང་བསྟུན་ནས་བྱུང་བ་ཡང་ཡིན་པས། སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གཉི་ག་མཉམ་འབྲེལ་བྱས་ནས་བྱུང་བ་ཡིན། དེའི་ཐད་ལ་དེང་རབས་ཀྱི་གསོ་བ་རིག་དང༌། བོད་ཀྱི་གསོ་བ་རིག་པ་གཉིས་ལ་མི་འདྲ་བའི་ཆ་གང་ཡང་མེད།
རྣམ་འགྱུར་གྱི་སེམས་ཁམས།
   དེ་ཡང་སྔར་བཤད་པ་ལྟར་ནང་སེམས་ཀྱི་འགྱུར་ལྡོག་དང་དེའི་བྱེད་ལས་ཀྱི་སྣང་ཚུལ་ནི་ཕྱི་དངོས་པོའི་འགྱུར་ལྡོག་གི་སྣང་ཚུལ་ལས་ལྡབ་བརྒྱ་འགྱུར་སྟོང་འགྱུར་གྱིས་སྣ་མང་ཞིབ་ཚགས་ཅན་ཡིན་པས་གང་ཞིག་རྣམ་པར་འགྱུར་བ་དང་འགྱུར་བཞིན་པ་དང་མ་འགྱུར་བ་སོགས་གཏན་འབེབས་བྱེད་རྒྱུ་ནི་སོ་སྐྱེའི་བློའི་གནས་ཚད་ལ་ཤིན་ཏུ་དཀའ་བའི་གནས་ཤིག་ཡིན།
འོན་ཏེ་ལྟོས་ས་ལྟོས་འཇོག་གིས་ནད་ཅན་དང་ནད་མེད་ཀྱི་ཐ་སྙད་ངེས་པར་ཡོད་དགོས་པ་ཡིན། དེ་ཉིད་ཀྱི་བརྒྱུད་རིམ་དེང་དུས་སེམས་ཁམས་རིག་པ་སྨྲ་བ་རྣམས་ལྟར་ན། མི་གང་ཞིག་དེའི་སྒོ་གསུམ་གྱི་བྱ་བ་མཐའ་དག་རང་ཉིད་གནས་སའི་ཁོར་ཡུག་གི་སྤྱི་ཚོགས་ཀྱི་ཆོས་ཉིད་དང་ཡོངས་སུ་མཐུན་པའམ། སྤྱི་ཚོགས་ཀྱི་ཆོས་ཉིད་དེ་དང་འགལ་བར་མི་སྤྱོད་བ་ཞིག་ལ་སེམས་ཁམས་བདེ་ཐང་ངམ་སེམས་རྣམ་འགྱུར་གྱི་དབང་དུ་མ་སོང་ཞིང་རིག་པ་རྣལ་དུ་གནས་པ་ལ་ངོས་བཟུང་དགོས་པར་བཤད་ཡོད། དེ་བཞིན་སེམས་ཁམས་རིག་པ་མཁས་ཅན་ W.W. Bohem  གྱིས། སེམས་ཁམས་རྣམ་པར་མ་གྱུར་བ་ནི་རང་གི་ལུས་ངག་ཡིད་གསུམ་གྱི་བྱ་བ་དང་བྱེད་སྒོ་མཐའ་དག་རང་ཉིད་གང་དུ་གནས་སའི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཆོས་ཉིད་དང་ཡོངས་སུ་མཐུན་པ་གང་ཞིག  དེས་རང་ཉིད་ཀྱི་འདོད་པ་མ་ཁེངས་པའམ་བློ་ཁ་མ་རྫོགས་པ་མིན་པ་ཞིག་ཡིན་ན་དེ་ནི་སེམས་ཁམས་ཐ་མལ་ནད་མེད་ཅན་དུ་འཇོག་འོས་པར་བཤད་ཡོད།
དེ་མིན་དེང་སང་སེམས་ཁམས་རིག་པ་སྨྲ་བ་རྣམས་ཀྱིས་སེམས་ཁམས་ཤེས་རྟོགས་ཀྱི་བརྒྱུད་རིམ་མམ་རང་བཞིན་ལ་བརྟག་པའི་མདོ་ (Formula) ལྟ་བུ་ (S.O.R. Stimulus Organism Response ནི་རྐྱེན་དང༌། བྱེད་པོ། བྱ་བའམ་ལས་གསུམ་མོ།། ཡང་ན་འགའ་ཞིག་ལྟར་ན་ཤེས་རྟོགས་དང་ཡིད་འགྱུར། ཀུན་གཞི་གསུམ་གྱི་བརྒྱུད་རིམ་ Definition ལས་གང་ཟག་བྱེ་བྲག་པ་དེ་ཉིད་ཀྱི་སེམས་ཁམས་ཀྱི་རང་བཞིན་རྟོགས་པར་བྱེད་པ་ཡིན། འདི་ནི་སྔར་མེད་གསར་བརྙེད་ལྟ་བུ་མ་ཡིན་ཏེ་ཆེས་སྔ་མོར་ཡོངས་སུ་གྲགས་པའི་ནང་པའི་རྟེན་འབྲེལ་གྱི་རིག་པ་དེ་ཉིད་འདིར་ཡང་སྦྱར་ཏེ་གསལ་བར་བྱས་པ་ཙམ་སྟེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། བྱེད་པོ་ལས་ལ་བརྟེན་བྱེད་ཅིང༌། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ༌། །གསུངས་པ་ལྟར་རོ།།
དེ་ཡང་ཅུང་ཟད་གོ་བདེ་བར་བཤད་ན། སེམས་ཁམས་སམ་གསལ་རིག་གི་ཤེས་པ་ཇི་ལྟར་སྐྱེ་བའི་ཚུལ་ལམ་བརྒྱུད་རིམ་གོང་དུ་བཤད་པ་དེ་ཉིད་འཆད་ཐབས་གཞན་ཞིག་སྤྱད་དེ་བཤད་ན། འདིར་སེམས་ཁམས་གཡོ་བྱེད་དམ་བསྐུལ་བྱེད་དུ་གྱུར་བའི་རྐྱེན་ནི་ཕྱི་རོལ་ཏུ་གྱུར་པའི་གཟུགས་སྒྲ་སོགས་ཀྱི་ཡུལ་རྣམས་ཡིན་ཏེ་(Sདེ་དག་གིས་ཤེས་རྒྱུད་Oབསྐུལ་ཏེ་ཚོར་བ་དང་འདུ་ཤེས་སོགས་Rའབྱུང་ཞིང༌། དེའི་སྐད་ཅིག་ཕྱི་མ་ལྟ་བུར་ཚོར་འདུ་དེས་དྲངས་པའི་དགའ་སྐྱོ་ཆགས་སྡང་སོགས་ཀྱི་རྣམ་པ་སྒོ་གསུམ་གང་ལ་མངོན་དུ་གྱུར་པའི་ཚེ་ན་སྔར་ཡུལ་གྱི་རྐྱེན་ལས་བྱུང་བའི་ཤེས་པ་དེ་(Sརྐྱེན་དུ་གྱུར་ནས་ཚོར་བ་འདུ་ཤེས་སོགས་Oབྱེད་པོར་འགྱུར་འགྲོ་བ་དང༌། སྒོ་གསུམ་གང་ལ་ཤར་བའི་ཆགས་སྡང་སོགས་ནི་Rལས་སམ་བྱ་བ་ཡིན་ནོ།། རིག་པ་དེ་བཞིན་ཕྱི་ནང་གི་རྒྱུ་འབྲས་བྱ་བྱེད་ཕྲ་རགས་ཐམས་ཅད་དང་སྦྱར་ནས་རྟོགས་པར་བྱའོ།།
འོ་ན་སེམས་ཁམས་སམ་གསལ་རིག་གི་ཤེས་པ་སྐྱེ་ཚུལ་དེས་སེམས་ཁམས་རྣལ་དུ་གནས་མིན་ཇི་ལྟར་རིག་ཅེ་ན། གོང་དུ་བཤད་པ་ལྟར་ཆགས་སྡང་དགའ་སྐྱོ་སོགས་མྱོང་བའམ་ཚོར་བ་པོ་སེམས་ཡིན་ལ། དེ་དག་སྐྱེད་བྱེད་ནི་ཕྱི་ནང་གི་རྐྱེན་རྣམས་ཡིན་པས། དཔེར་ན། ཕྱིའི་རྐྱེན་རང་ཉིད་གནས་སའི་ཡུལ་དང་འགྲོ་བས་ཤིན་ཏུ་མཛེས་སྡུག་ཅན་དུ་བརྩི་ཞིང་དེ་དག་གི་ཡིད་དབང་དབང་མེད་དུ་འཕྲོག་པར་བྱེད་པའི་བྱ་དངོས་ཤིག་རང་ལ་མི་སྡུག་པར་མཐོང་ཞིང༌། དེས་དྲངས་པའི་མི་སྡུག་པའི་མཚན་མ་ཡིད་ལ་ཤར་ན་དེ་ནི་མི་དེའི་སེམས་ཁམས་རྣལ་དུ་མ་གནས་པ་ཅིའི་ཕྱིར་མི་རྟོགས།
དེ་བཞིན་དུ་འགྲོ་བ་གང་ཡང་སྐོམ་གྱི་གདུང་བས་(Sབསྐུལ་ཚེ་ཐམས་ཅད་(Oཆུ་དོན་དུ་གཉེར་Rབར་འགྲོ་ཞིང་ཐ་ན་ཆུ་ལས་བསམ་རྒྱུ་གཞན་མེད་པ་ལྟ་བུར་གྱུར་ན། ཅིག་ཤོས་Oཆུ་དོན་དུ་མི་གཉེར་Rཞིང་གཞན་ཞིག་ཐོབ་པར་འབད་པར་གྱུར་ན་དེ་ནི་ཆུས་སྐོམ་གྱི་དཀའ་དུབ་སེལ་བའི་ཡོན་ཏན་ད་ལྟའི་བར་མྱོང་བ་དེ་ཉིད་གཏིང་བརྗེད་དུ་སོང་བའམ། རང་གི་ལུས་ཀྱི་ཆུ་ཁམས་ཟད་ཀྱང་དེ་ལ་ཆུའི་དགོས་མཁོ་དྲག་ཏུ་ཡོད་པའང་མི་ཚོར་བ་ཡིན་ན། དེ་ལས་སེམས་ཁམས་ཕྱིན་ཅི་ལོག་ཏུ་གྱུར་པ་གཞན་མེད་པ་ཡིན་པ་ལྟ་བུ་མཐའ་ཡས་པ་ལ་རྐྱེན་དང་བྱེད་པོ་ལས་རྣམས་ཀྱི་ཁྱད་པར་སྦྱར་ནས་རྟོགས་པར་བྱའོ།།
མདོར་ན་མི་གང་ཞིག་ལུས་ལ་ཚ་བ་དང་གྲང་བས་བསྡུས་པའི་ནད་གཞིའི་རྣམ་པ་ཅི་ཡང་མེད་ཅིང་སྨྱོ་བ་དང་བརྒྱལ་བ་སོགས་སེམས་ཁམས་ཀྱི་ནད་གཞི་མངོན་གསལ་མེད་པ་མ་ཟད། ཉིན་རེའི་རྒྱུན་ལྡན་གྱི་འཚོ་བའི་བྱེད་སྒོ་རྣམས་འཕྱུག་མེད་སྒྲུབ་པར་བྱེད་པ་ཙམ་ཞིག་ལ་ནད་མེད་དུ་འཇོག་མི་ནུས་ཤིང༌། འོ་ན་བདེ་ཐང་ཅན་གྱི་ཚད་གཞི་གང་ལ་འཛིན་དགོས་ཤེ་ན། གོང་དུ་བཤད་པ་བཞིན་ལུས་དང་སེམས་ཀྱིས་བསྡུས་པའི་ནད་གཞིའི་རྣམ་པ་ཅི་ཡང་མེད་པ་གང་ཞིག་བཟའ་བཏུང་འགྲོ་འཆག་སློབ་སྦྱོང་སོགས་རང་གི་ཉིན་རེའི་བྱེད་སྒོར་གྱུར་པ་རྣམས་འཚེམས་མེད་དང་འཕྱུག་མེད་དུ་བསྒྲུབས་པ་དང༌། དེས་རང་གི་བློ་ཁ་ཡོངས་སུ་རྫོགས་པ་ཞིག་ལ་ནད་མེད་དུ་བཟུང་དགོས་པ་ཡིན།
བོད་ཀྱི་གསོ་བ་རིག་པའི་གཞུང་ལས་སེམས་ཁམས་རྣམ་པར་གྱུར་བའི་མངོན་ཚུལ་དངོས་སུ་གསུངས་པ་གདོན་ནད་དང་སྨྱོ་བརྗེད་གསོ་བའི་སྐོར་རྣམས་ཡིན་ཅིང༌། དེ་ཡང་འཛམ་གླིང་སྟེང་དུ་ཤེས་རིག་འཕེལ་རྒྱས་བྱུང་སྔ་བའི་རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་ཀྱང༌། ཤེས་རིག་འཕེལ་རྒྱས་འགྲོ་བའི་གོ་རིམ་ནང་ལྷ་སྒྲུང་གི་རྣམ་པ་དང༌། དད་མོས་ཀྱི་འདུ་ཤེས་ཀྱི་ལྟ་ཚུལ་ལྟར་བསྟན་ཅིང་དེ་དང་འདྲེས་ནས་འབྱུང་བ་ནི་གཅིག་གྱུར་གྱི་སྣང་ཚུལ་ཞིག་ཡིན། སེམས་ཁམས་ཀྱི་ནད་གཞི་གསོ་ཐབས་དེ་ལུས་ཀྱི་ནད་གཞི་གསོ་ཐབས་ཀྱི་རྗེས་སུ་བྱུང་ཞིང༌། རིམ་པས་སྔ་མ་ཆུ་ཚད་མཐོན་བོར་གྱུར་པ་དང༌། སེམས་ཁམས་གསོ་ཐབས་དེ་ཕལ་བར་གྱུར་བ་བཞིན་བོད་ཀྱི་གསོ་རིག་གི་འཕེལ་རྒྱས་ཀྱི་བྱུང་བ་ཡང་དེ་དང་ཡོངས་སུ་གཅིག་མཚུུངས་སུ་གྱུར་པ་རེད།
དེ་ལ་རྣམ་འགྱུར་གྱི་མངོན་ཚུལ་དངོས་སུ་གསུངས་པ་ནི་འབྱུང་གདོན་གསོ་བར། དེ་རྟགས་སྔར་བས་དད་དང་ཤེས་རབ་དང༌། །ལུས་ངག་ཡིད་སྤྱོད་འགྱུར་ཞིང་དེ་སྤྱོད་བྱེད། །བློ་སེམས་མི་བདེ་སྤྲོ་ཐུང་ཤེས་པ་འཕྱོ།། ཞེས་རྣམ་པར་མ་གྱུར་བའི་གནས་སྐབས་ཀྱི་མི་དེའི་བསམ་བློའི་འདུ་ཤེས་རྣམ་པར་གྱུར་བས་དེའི་རང་བཞིན་ནམ་ངང་ཚུལ་སྔར་ལས་གཞན་དུ་གྱུར་ནས་སྔར་བློ་རྒྱ་ཡངས་པ་ཞིག་ཡིན་ན་ད་ནི་གུ་དོག་ཅན་དུ་འགྱུར་བ་ལྟ་བུ་དང༌། རྒྱུ་མཚན་གཞན་མེད་ཀྱང་བློ་སེམས་མི་བདེ་བ་སོགས་ཀྱི་མངོན་ཚུལ་ཡོད་པ་དང༌། ལྷག་པར་དྲི་ཟའི་གདོན་སོགས་གང་ལས་གྱུར་ཀྱང་དེའི་སྤྱོད་པ་བྱེད་པ་སྟེ། དཔེར་ན་རང་གི་གཟུགས་དང་ལང་ཚོ། བློ་གྲོས་དང་ཤེས་རབ་སོགས་ལ་རང་གི་འདོད་པ་ཚིམས་པ་སྟེ་རྒྱགས་པ་དང༌། གླུ་གར་རྩེ་འཇོ་སོགས་ལ་ལྷག་པར་དགའ་བ་ལྟ་བུ་དང༌། དེ་བཞིན་དུ་སྨྱོ་བྱེད་དང་རྗེད་བྱེད་སོགས་ལའང་ལུས་ངག་གི་རྣམ་འགྱུར་དེ་དང་ཕྱོགས་མཚུངས་འབྱུང་བ་དང༌།
ལྷག་པར་རླུང་ཁྲག་གི་རྒྱུ་ལམ་ཕྲ་རགས་རྣམས་ཀྱི་ཆ་ཤས་ལས་ནད་རིམ་གྱིས་འཇུག་པའི་མངོན་རྟགས་ལུས་སེམས་རགས་པ་ལ་དངོས་སུ་མ་ཤར་ཡང་རང་ལ་འགོ་བའི་ལྷས་ཚོར་བ་སྟེ་ཤེས་པའི་དུས་སུ་རྨི་ལམ་མི་བཟང་བ། རྨི་ལམ་ཆུ་དང་ཤིང་དང་ནེའུ་གསིང་དང༌། །སྦལ་ལྕོང་ཉ་སྦྲུལ་འབུ་སྦྲང་སྡིག་སྡོམ་སོགས། །ལུས་ལ་འབྱར་དང་གསེབ་ན་འདུག་པ་སོགས། །གཡག་མཛོ་གཅན་གཟན་རྣམས་ཀྱིས་གདས་པ་དང༌། །མི་ཤོང་སྒོ་འཕྲང་འཛུལ་དང་གཡང་ལ་ལྷུང༌། །མདའ་དང་སྒོ་ང་ལྷ་ཁང་སྡེར་བཟོ་འགུལ། །བུད་མེད་དག་གིས་ལུས་ཟུངས་འབྱིན་པ་རྨི། །ཞེས་སོགས་རྨི་བ་རྣམས་ལས་ཀྱང་རང་གི་སེམས་ཁམས་རྣལ་དུ་མི་གནས་པར་གྱུར་པའི་མཚན་མ་ཡིན་པར་ཤེས་དགོས་པར་གསུངས་ཡོད། དེ་སོགས་མངོན་ཚུལ་དུ་མ་ཞིག་དངོས་ཤུགས་ཅི་རིགས་ནས་གསུངས་པ་མང་དུ་ཡོད་ཅིང༌། དེ་དག་གི་རྒྱུ་མཚན་ནི་འབྱུང་ལྔའི་རིག་པ་དང་ཆགས་སོགས་དུག་གསུམ་གྱི་རིག་པ་རྣམས་ཏེ་རང་བྱུང་དང་སྤྱི་ཚོགས་ཀྱི་མཚན་རིག་ལ་བརྟེན་ནས་གཏན་ལ་ཕབ་པ་ཡིན་པས་རྨོངས་དད་ཀྱི་གཞལ་ཡང་མེད་དོ།།
སེམས་ཁམས་འགྱུར་བའི་རྒྱུ་རྐྱེན།
  སེམས་ཁམས་རྣམ་པར་འགྱུར་བའི་རྒྱུ་རྐྱེན་ནི། དེང་དུས་སེམས་ཁམས་རིག་པ་སྨྲ་བ་ Straker ༡༩༥༢ གྱིས་མི་གང་ཞིག་རང་ཉིད་རྒྱུན་རིང་གནས་པའི་སྤྱི་ཚོགས་དང་འཁོར་ཡུག་ལས་ནམ་ཞིག་སྤྱི་ཚོགས་དང་འཁོར་ཡུག་གཞན་དུ་གྱུར་བའམ་སྤོས་པའི་ཚེ། གསར་དུ་ཐོབ་པའི་སྤྱི་ཚོགས་ཀྱི་འཚོ་བ་དང་རིག་གཞུང༌། ཕྱིའི་ཁོར་ཡུག་སོགས་ནི་རང་ལ་སྔར་རིང་དུ་གོམ་པ་དང་མྱོང་ཞིང་འདྲིས་པ་དང་མ་མཐུན་པ་དང༌། ཁོར་ཡུག་གི་འབྱུང་ཁམས་རང་གི་ལུས་ཁམས་ཀྱིས་འདོད་མོས་མེད་པ་སོགས་ཀྱིས་སེམས་ཁམས་ཀྱི་ནད་གཞི་ཚད་མི་འདྲ་བ་འབྱུང་བར་བཤད།
དེ་བཞིན་དེང་དུས་ཀྱི་སེམས་ཁམས་ཀྱི་མཁས་པ་མང་ཆེ་བས་སེམས་ཁམས་རྣམ་པར་འགྱུར་བའི་རྒྱུ་རྐྱེན་སྲོག་ཆགས་རིག་པའི་ཐོག་ནས་དང༌། སེམས་ཁམས་རིག་པ་གཉིས་ཀྱི་ཕྱོགས་ནས་གཏན་ལ་ཕབ་ཡོད།
           སྲོག་ཆགས་རིག་པའི་ Biology ཐོག་ནས་བརྟག་ན།
  ནམ་ཞིག་མི་དེའི་ལུས་ཆགས་པའི་རྒྱུ་ཕ་མའི་ཁུ་ཁྲག་འདུ་འཕྲོད་ཀྱི་དུས་སུ་དེའི་རྫས་རྣམས་ཕན་ཚུན་འདྲེས་སྦྱོར་ཡོང་སྟངས་ཀྱི་ཐོག་ནས་སེམས་ཁམས་ཀྱི་ནད་ཀྱི་རྐྱེན་བྱེད་པ་སྟེ། དཔེར་ན་མ་ནིང་དང༌།  མོགོལ་ལིསིམ་མམ་གླེན་པ། ཤིན་ཏུ་ཁྲོ་གཏུམ་ཅན་ལྟ་བུ་དང༌།
     རིགས་བརྒྱུད་ཀྱི་གཞི་མར་གྱུར་པ་རིགས་རྫས་ Gene ལ་དུག་མཚོན་སོགས་ཀྱིས་བསྒྱུར་བས་ཀྱང་སེམས་ཁམས་རྣམ་འགྱུར་ཅན་དུ་འགྱུར་བ་ཕྱི་རྒྱལ་གྱི་སེམས་ཁམས་ཉམས་ཞིབ་པ་Meda ༡༩༦༩ ཡིས་དཔྱད་དོན་དུ། འཛམ་གླིང་འཁྲུགས་ཆེན་གཉིས་པའི་སྐབས་སུ་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤར་མར་ཨ་རིའི་རྡུལ་མཚོན་གཡུགས་རྗེས་སྐྱེས་པའི་མི་རྣམས་རང་བཞིན་གྱི་རིག་པ་རྟུལ་བ་དང༌། སེམས་ཚོ་མ་ཟིན་པ།དབང་པོ་མ་ཚང་བ་སོགས་སྔར་ལས་ཆེས་མང་བ་ཡོད་པ་གཏན་ལ་ཕབ་ཡོད།
      དེ་བཞིན་དུ་རིགས་བརྒྱུད་ཀྱི་ཆོས་ཉིད་དང་ཡོངས་སུ་འགྱུར་བ་སྟེ་ཤིན་ཏུ་ཉེ་བའི་རིགས་ཅན་གཉེན་སྒྲིག་བྱས་པ་ལྟ་བུའམ། རིགས་རྫས་ Gene ལ་གྲ་བཅོས་དང་རྫས་བསྒྱུར་སོགས་ཀྱི་བསྒྱུར་བ་ལས་ཀྱང་སེམས་ཁམས་མ་སྙོམ་པར་འགྱུར་བ་ཉམས་ཞིབ་པ་ Dablen ༡༩༦༧ དང༌། Bilearsne རྣམ་གཉིས་ཀྱིས་མགྲིན་གཅིག་ཏུ་བཤད།
      གཞན་ཡང་སྤྱི་ཚོགས་དང་ཁྱིམ་ཚང་གི་རང་བཞིན། ཁོར་ཡུག་གི་ཆོས་ཉིད་ལས་འདས་པར་རིགས་དང་སྤྱོད་པ་འཆལ་ཅན་དུ་གྱུར་བས་སེམས་ཁམས་འཁྲུགས་པའི་ནད་ཀྱི་རྐྱེན་དུ་གྱུར་བར་བཤད་ཡོད།
       སེམས་ཁམས་རིག་པའི་ཐོག་ནས་བརྟག་པ།
     ༡ སེམས་ཁམས་རྣམ་པར་འགྱུར་བའི་རྒྱུ་རྐྱེན་གཞན་ཞིག་ནི། གཞོན་པའི་དུས་སུ་བློ་གྲོས་འཕེལ་རྒྱས་འགྲོ་བའི་རྒྱུ་རྐྱེན་མ་ཚོགས་པ་དཔེར་ན་ཁོར་ཡུག་ཏུ་སློབ་གྲྭ་དང་དགེ་རྒན་སོགས་སློབ་སྦྱོང་གི་མཐུན་རྐྱེན་མེད་པའམ། ཡོད་ཀྱང་ཚད་ལྡན་མེད་པ་ལྟ་བུ་ཕྱིའི་རྐྱེན་དང༌། འཚོ་གོས་ཀྱིས་དབུལ་བ་དང་ནད་ཀྱི་མནར་བ་སོགས་ནང་གི་རྐྱེན་མ་ཚོགས་པ་ལྟ་བུ་ཡིན།
     ༢ ན་ཚོད་མ་སྨིན་པའི་དུས་སུ་སེམས་ཁམས་ལ་སྣོན་ཤུགས་ཐེབས་པ། དཔེར་ན་ཕ་མ་མེད་པའམ་ཕ་མས་ལྟ་སྐྱོང་མ་ཐུབ་པར་གཞན་གྱི་བརྙས་བཅོས་དང་མཐོང་ཆུང་གིས་མནར་བ་ལྟ་བུ།
      ༣ ན་སོ་མ་སོང་བའི་ཚེ་ན་རང་འདོད་ཀྱི་དྲི་བ་རྣམས་ལ་ལན་འདོད་བློ་ཁེངས་པ་མ་བྱུང་བ།
      ༤ ན་ཚོད་ཀྱི་འཕེལ་རིམ་དང་འཚམས་པའི་སློབ་སྦྱོང་གི་འགྲོས་དང༌། ཡུལ་གོམས་གཙང་སྦྲ། ཀུན་སྤྱོད་སོགས་ཀྱི་གོ་རྟོགས་ཇི་བཞིན་སད་པའི་རྐྱེན་མ་ཚོགས་པས་ཕྱིས་ན་ཚོད་སྨིན་སྐབས་རང་མཉམ་གྱི་ཁོར་ཡུག་ནང་ལ་རང་གིས་འདོད་བློ་མི་ཁེངས་པ་བཅས་ཡིན།
 གཞན་ཡང་ལུས་སེམས་གཉིས་ཀྱི་ནད་གཞི་ཕན་ཚུན་གྱི་རྒྱུ་རྐྱེན་བྱེད་པ་sychosomatic དཔེར་ན་ཐོག་མར་གོང་བཤད་ལྟ་བུས་རྐྱེན་གང་རུང་གིས་སེམས་ཁམས་མ་བདེ་བར་གྱུར་ནས་ལུས་ཀྱི་ནད་གཞི་རླུང་འཁྲུགས་པས་སྣ་དྲངས་ཏེ་ནད་གཞི་སྣ་ཚོགས་སུ་གྱུར་པ་ནི། དེ་ལ་རླུང་ནི་ནད་ཀུན་འཁྲུགས་པའི་རྒྱུ། །སྣ་འདྲེན་མཇུག་བསྡུད་འཐོར་དང་ཁྱབ་པར་བྱེད། །ཅེས་པ་ལྟ་བུ་ཁྲག་ཤེད་མཐོ་བ་དང༌། ཕོ་གཅོང་སོགས་ཚབས་ཆེན་གྱི་ནད་གཞི་དུ་མར་འགྱུར་བ་དང༌། དེ་བཞིན་ཐོག་མར་ལུས་ལ་འབྲས་དང༌། གཅོང་ནད་དང༌། AIDS ལྟ་བུའི་ནད་གཞིའི་རིགས་བྱུང་ཚེ་ནད་པ་དེ་ནི་དེའི་མིང་ཙམ་གྱིས་སྐྲག་ནས་གསོན་པའི་རེ་ཐག་ཆད་དེ་ལུས་སེམས་ཀྱི་གསོ་ཤི་ནས་སྡུག་བསྔལ་གྱི་འདམ་དུ་ཆུད་དེ་སེམས་ཁམས་ཀྱི་ནད་གཞི་སྣ་ཚོགས་ཅན་དུ་འགྱུར་བ་ལྟ་བུ་ཡིན།
 བོད་ཀྱི་གསོ་རིག་ལས་གསུངས་པའི་སེམས་ཁམས་འགྱུར་བའི་རྒྱུ་རྐྱེན་མདོར་བསྡུས།
  གཞན་གྱི་སྲོག་གཅོད་པ་སོགས་རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་རུང་གི་ལས་མང་དུ་བྱས་པ་དང༌། དུར་ཁྲོད་དང་ཁང་སྟོང་སོགས་འཇིགས་སུ་རུང་བའི་གནས་སུ་གྲོགས་མེད་པར་རང་གཅིག་པུར་སེམས་ནང་འཇིགས་དོགས་སྣ་ཚོགས་དང་བཅས་ཏེ་གདེང་ཚོད་མེད་པར་བསྡད་པ་དང༌། རང་གི་རིགས་བརྒྱུད་ཕ་མེས་ནས་སམ་རང་གིས་ཀྱང་རུང་མཆོད་པར་ཁས་བླངས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྲུང་མ་རྣམས་ལ་མཆོད་གཏོར་ཆག་པ་དང༌། རང་གི་ཁས་བླངས་པའི་དམ་སྡོམ་ལས་ཉམས་པ་དང༌། ཆོས་དང་འཇིག་རྟེན་སྤྱི་ཚོགས་ཀུན་གྱི་ཆོས་ཉིད་དང་ཡོངས་སུ་འགལ་བའི་མི་འཚམ་པའི་ལས་སྣ་ཚོགས་ལ་ཞུགས་པ་དང༌། དགྲ་མི་འདོད་པ་དང་འཕྲད་པ་དང༌། གཉེན་སྡུག་པ་དང་བྲལ་བ་དང༌། འདོད་པ་བཙལ་ཀྱང་མ་རྙེད་པ་སོགས་ཀྱི་མྱང་ངན་གྱིས་སེམས་ཁམས་ཡོངས་སུ་མནར་བ་སོགས་དང༌། དེ་བཞིན་དུ་སེམས་ཀྱི་སྟོབས་སམ་སེམས་ཤུགས་ཆག་པ་དང། དགྲ་འདུལ་གཉེན་སྐྱོང་སོགས་ཀྱི་སེམས་ལས་ཆེ་བ་དང༌། ས་གཉན་བརྐོས་པ་དང༌། ཤིང་གཉན་བཅད་པ་དང༌།
མི་གཙང་ཐབ་གཞོབ་སོགས་ཁོར་ཡུག་ལ་ཉམས་ཆག་བཏང་བ་དང༌། བན་བོན་རྣམས་ཀྱིས་མནན་གཏད་ཟོར་འཕེན་སོགས་ཀྱི་རྐྱེན་གྱིས་སེམས་ཁམས་འཁྲུགས་པའི་ནད་གཞི་སྣ་ཚོགས་འབྱུང་བ་སོགས་དངོས་སུ་གསུངས་ཤིང༌། མའི་མངལ་དུ་ཐོགས་པའི་དུས་སུ་མའི་ཟས་སྤྱོད་ཀྱི་ཁྱད་པར་ལས་སེམས་ཁམས་རྣམ་པར་འགྱུར་བ་དང༌། མདོག་མི་སྡུག་པ་སོགས་ལུས་སེམས་ཀྱི་ནད་གཞི་དུ་མའི་རྒྱུར་གྱུར་པ་སོགས་ཚེའི་འདིའི་རྐྱེན་གཙོ་བོར་བྱས་པ་དང༌།
དེ་མིན་ད་ལྟའི་ལུས་རྟེན་བཟང་པོ་ཐོབ་ཅིང་བླང་དོར་གྱི་གནས་སྟོན་པའི་དགེ་བའི་བཤེས་གཉེན་གྱིས་བཟུང་བ་དང༌། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་འགྲོག་པ་སོགས་ཀྱི་གོ་སྐབས་བཟང་པོ་ལྡན་ཞིང༌། རང་ཡང་བླང་དོར་གྱི་གནས་ཅུང་ཟད་ཤེས་ཁུལ་ཀྱང༌། ང་ཚོས་བསམ་གཞིག་བྱས་ན་ཉིན་མཚན་ཁོར་མོ་ཡུག་ཏུ་རང་གི་སྒོ་གསུམ་གྱི་བྱ་སྤྱོད་ཐམས་ཅད་གཞན་གནོད་གཞི་དང་བཅས་པ་ཁོ་ནར་གཞོལ་བ་འདི་ལ་བསམས་ན། ཐོག་མེད་ནས་སྐྱེ་གནས་སྣ་ཚོགས་ཀྱི་ལུས་བཟུང་ནས་ཁམས་གསུམ་གྱི་གནས་སྣ་ཚོགས་པར་འཁོར་ཞིང་སྐྱེས་པའི་ཚེ་འབྲས་བུ་འབྱིན་རུང་གི་ལས་སྣ་ཚོགས་པ་ཚབས་ཆེ་ཞིང་འབོར་ཆེ་བ་མཐའ་དང་མུ་མེད་པ་ཞིག་བསགས་པ་རྣམས་གཉེན་པོས་མ་ཆུམས་པ་མ་ཟད། བུན་ལོན་གྱི་བསྐྱེད་ཁ་ལྟར་མ་ལས་བུ་ཆེ་བར་གྱུར་པ་གྲ་མ་ཞིག་ཅིང་གྲུ་མ་ཉམས་པར་འབྲས་བུ་འབྱིན་ངེས་ཅན་གྱི་ས་བོན་གྲུང་པོ་དུ་མ་ཞིག་ཡོད་པ་རྣམས་ལས་ཀྱང་འགའ་ཞིག་གདོན་མི་ཟ་བར་ད་རེས་འབྲས་བུ་སྨིན་པའི་རྐྱེན་ཚོགས་པའང་ཡོད་པས་དེ་དག་ལས་ཀྱང་སེམས་ཁམས་རྣམ་འགྱུར་གྱི་ནད་གཞི་འབྱུང་བར་གསུངས་ཡོད།།
རྣམ་འགྱུར་གྱི་སེམས་ཁམས་གསོ་ཐབས།
སྔར་བཤད་པའི་རྒྱུ་རྐྱེན་དེ་དག་ལས་སེམས་ཁམས་རྣམ་པར་འགྱུར་བའི་ནད་གསོ་ཐབས་ནི་གོང་དུ་སེམས་ཁམས་རིག་པའི་འཕེལ་རིམ་སྐབས་སུ་བཤད་པ་བཞིན་ཆེས་སྔ་བའི་དུས་རབས་ཀྱི་བཅོས་ཐབས་ནས་དེང་སང་གི་བཅོས་ཐབས་གསར་པའི་བར་འགྱུར་བ་སྣ་ཚོགས་ཤིག་ཕྱིན་ཡོད། དེ་ཡང་ Greek དང་ Rome གྱིས་དུས་རབས་ཐོག་མ་རྣམས་ཀྱི་གདོན་བཅོས་ཐབས་ནི་རྡེག་པ་དང༌། ཐོད་རུས་འབུག་པ་དང༌། གཏར་བ་དང༌། ཁྲུས་ལ་ཞུགས་པ་དང༌། འཇིགས་སྣང་བསྐུལ་བ་དང༌། དུ་བས་བདུག་པ་དང༌། མེར་བསྲོ་བ། གླུ་གཞས་དང་རོལ་མོ་གཏོང་བ་སོགས་ཀྱི་སྒོ་ནས་བཅོས་ཐབས་བྱེད་པར་གྲགས།
དེང་རབས་ཀྱི་སེམས་ཁམས་རྣམ་འགྱུར་གྱི་ནད་རིགས་གསོ་ཐབས་འགའ་ཞིག་ཡོད་པ་ནི།
      ༡ སེམས་ཁམས་རྣམ་འགྱུར་གྱི་ནད་ཀྱི་འབྱུང་རྩ་འཚོལ་བ་PsychoAnalysisདེ་ནི་སྨན་པས་ནད་པ་དེ་ཉིད་ཐབས་མཁས་ཀྱི་སེམས་ཐག་ཉེ་བའི་གྲོགས་པོར་བསྒྱུར་ཐབས་བྱས་ཏེ་སེམས་ཁམས་ཀྱི་ནད་ཀྱི་ཐོག་མའི་འབྱུང་རྩ་རྩད་གཅོད་བྱེད་རྒྱུ་དེ་ཡིན།
     ༢ སློབ་གསོས་གསོ་ཐབས་(Suggestion Therapy) ལུས་ངག་ཡིད་ཀྱི་བྱ་སྤྱོད་མཐའ་དག་སློབ་ཅིང་དེ་ཉིད་གོམ་པ་ལས་བྱུང་བ་ཡིན་པས་རང་ཉིད་གནས་སའི་ཁོར་ཡུག་དང༌། སྤྱི༌ཚོཌ་ལས་ནད་དེའི་འབྱུང་རྩ་འཚོལ་ཐབས་བྱེད་པ་ཞིག
    ༣ སེམས་ཕྲ་མོར་བསྒྱུར་བའི་བཅོས་ཐབས་ Hypno Therapy འདི་ཉིད་ནད་པར་ཚིག་གིས་གོ་བརྡ་སྤྲོད་པའི་ཐབས་ལམ་ལ་བརྟེན་ནས་རགས་པའི་དབང་ཤེས་སོགས་འགག་པར་བྱས་ཏེ་རིག་པ་དེ་ཉིད་ཆེས་ཕྲ་མོའི་གནས་སྐབས་སུ་འཕུལ་ཐབས་ཀྱི་ངང་ནས་ད་ལྟའི་དཀའ་ངལ་གྱི་འབྱུང་རྩ་འཚོལ་ཐབས་བྱེད་པ་ཞིག་ཡིན།
    ༤ སྤྱོད་ལམ་གྱིས་གསོ་བ་་Behaviour Therapy སྔར་བཤད་པ་ལྟར་སེམས་ནད་ཀྱི་ཐོག་མའི་འབྱུང་ཁུངས་རྩད་བཅད་དེ་དེ་ཉིད་ལུས་ངག་གི་སྤྱོད་པའི་ཐོག་ནས་གསོ་ཐབས་བྱ་བ།
     ༥ འདུས་ཚོགས་ཀྱི་བཅོས་ཐབས་Group Therapyའདི་ནི་སེམས་ཁམས་ཀྱི་ནད་གཞི་རིགས་གཅིག་པ་དུ་མ་ལྷན་དུ་ཟོགས་ནས་ནད་པ་དེ་དག་ཕན་ཚུན་གྲོས་མོལ་གྱིས་དཀའ་ངལ་ལས་གྲོལ་བའི་ཐབས་ལམ་འདོན་རེས་བྱེད་དུ་བཅུག་པ་དང༌། སྨན་པས་དེ་ཉིད་ཚུལ་བཞིན་ཡིན་མིན་དཔྱད་དེ་ཚུལ་བཞིན་མིན་པ་དག་ལ་ཡོ་སྲང་བྱེད་རྒྱུ།
   ༦ སྨན་གྱི་བཅོས་ཐབས། སྤྱིར་སེམས་དང་ལུས་ཀྱི་ནད་གཉིས་ཆེས་ཐ་དད་པར་སྣང་ཡང༌། སེམས་ནི་ལུས་ལ་བརྟེན་ཚབ་ཆེ་བས་ལུས་ཀྱི་གནས་སྟངས་དང༌། ཁྱད་ཆོས་ལ་འགྱུར་བ་ཕྲན་བུ་ཕྱིན་ཚེ་སེམས་ཀྱི་གནས་སྐབས་ཀྱང་འགྱུར་བ་ཅུང་ཟད་འགྲོ་བ་ཆོས་ཉིད་ཡིན་པ་སོགས་ཀྱིས་སྨན་དང་རྫས་བསྒྱུར་ལ་བརྟེན་ནས་ལུས་ཀྱི་འབྱུང་ཁམས་ཀྱི་གནས་སྟངས་བསྒྱུར་ཐབས་བྱས་ཏེ་སེམས་ལ་ཅུང་ཟད་ངལ་གསོ་སྟེར་ཐབས་བྱེད་པ་དེ་རེད།
      དེང་དུས་རྫས་བསྒྱུར་གྱི་སྨན། དེང་དུས་རྫས་བསྒྱུར་གྱི་སྨན་འདི་དག་ལ་ཟུར་ཕོགས་ཆེ་བ་དང༌། རྗེས་སོར་རིམ་བཞིན་ལུས་ཀྱི་རྫས་རྣམས་དང་འདྲིས་ནས་ཕན་ནུས་མི་ཐོན་པའི་ཐོག་ལྷག་ལོག་གི་ནད་གཞི་དུ་མ་འབྱུང་བར་སྣང་བས་གཟབ་དགོས། ཤིན་ཏུ་ཚབས་ཆེན་གྱི་ནད་པ་ལ་གཤམ་འཁོད་ཀྱི་སྨན་རྣམས་སྤྱོད་རྒྱུ། Anti Anxiety Hypno དང༌། Sedotive tran kullisers དང༌། Minor and Major ཕྱི་མ་འདི་གཉིས་གཉིད་འགུག་པའི་སྨན་ཡིན་པས་དེ་དག་སྤྱོད་དེ་ནད་པ་གསོ་ཐུབ་ཐབས་བྱ་དགོས།
       རྒྱ་གར་གྱི་ཚེའི་རིག་བྱེད་ལས་སེམས་ཁམས་འགྱུར་བའི་ནད་པར་སྨན་དང་བཅོས་ཐབས་མཐའ་ཡས་པ་ཡོད་པ་གདོན་མི་ཟ་མོད། སཏྭབིཛྱ་(Satva Vijayaདང་སིརོདྷཱར་(Sarvadharསོགས་ཁོང་དུ་བསྟེན་པ་དང༌།  སྣུམ་འཆོས་དང༌། ལས་ལྔ་སོགས་ཀྱི་སྒོ་ནས་བཅོས་ཐབས་མཛད་པར་ གྲགས།
         ཧོ་མེའུ་པེ་ཐིའི་Homeopathyརིང་ལུགས་འཛིན་པ་རྣམས་ཀྱིས་སེམས་ཁམས་ཀྱི་ནད་པར་སྨན་དུ་  Kali Bromatum དང༌། Aconite དང་Hyos cyamus སོགས་བསྟེན་སྲོལ་སྣང༌།
        འདུག་སྟངས་དང་འཕྲུལ་འཁོར་གྱི་བཅོས་ཐབས། ༡ པདྨཱསཾ། Padmasam   བཛྱརཱསཾ། Vajrasam ༣ སརྦཾའགཱསཾ། (Sarvagasam) ༤ ཧལཱསཾ། Halasam ༥ ཤྦཱསཾ། (Shawasam) སོགས་ལུས་ཀྱི་བཅའ་གཞི་དང་བཅས་ཏེ་རླུང་འབྱིན་རྔུབ་རང་རང་གི་གནད་བཞིན་བྱས་ན་ནད་པར་འཕྲལ་དུ་སེམས་ལ་ངལ་གསོ་ཐོབ་ཐུབ།
       དང་པོ། པདྨའི་འདུག་སྟངས་ནི། ཡོངས་གྲགས་རྡོ་རྗེ་སྐྱིལ་ཀྲུང་འདི་ཉིད་ཡིན་ཅིང༌། མ་གོམས་ན་ཕྱེད་སྐྱིལ་གྱིས་བསྡད་ནའང་འཐུས་པ་ཡིན། གཉིས་པ། རྡོ་རྗེའི་འདུག་སྟངས་ནི། སྟན་བདེ་བར་པུས་མོའི་ལྷ་ང་གཉིས་ས་ལ་བཙུགས། རྟིང་པ་ཕོངས་ཀྱི་འོག་ཏུ་འོང་བར་བྱས་ཏེ་སྒལ་ཚིག་བསྲང༌། དཔུང་པ་སྐྱེད། ལག་པ་པུས་གོང་དུ་ས་གནོན་གྱི་ཚུལ་དུའམ། མཐེབ་མཛུབ་ཀྱི་རྩེ་སྦྱར་ནས་ཡིད་ལ་བྱེད་པ་དབུགས་ཀྱི་རྒྱུ་བ་ལ་གཏད་དེ་ལྷོད་པོར་འདུག གསུམ་པ། ཐམས་ཅད་པའི་འདུག་སྟངས་ནི། བདེ་བའི་སྟན་ལ་ལུས་ཡོངས་ལྟག་པ་དང་ཕྲག་གོང་གཉིས་ལ་བརྟེན་ནས་དྲང་པོར་རྐང་པ་གནམ་དུ་བརྐྱང་ནས་ཅི་ནུས་སུ་འདུག འདི་ཉིད་མ་གོམས་ན་གྱང་དང་ཀ་བ་སོགས་ལ་བརྟེན་པའམ་གྲོགས་གཞན་གྱིས་བརྟེན་པ་སོགས་བྱ། རླུང་དང་སེམས་གཏད་ཚུལ་སྔར་བཞིན། བཞི་པ། བཤོལ་གྱི་འདུག་སྟངས། འདི་ནི་སྔར་ཐམས་ཅད་པའི་འདུག་སྟངས་བཞིན་ལ་རྐང་པ་དང་རོ་སྨད་རྣམས་མདུན་དུ་བཀུག་པ་བཤོལ་བཞིན་བྱ། རླུང་དང་སེམས་སྔར་ལྟར་དགོས། ལྔ་པ། རི་དྭགས་ཀྱི་འདུག་སྟངས་ནི། བདེ་བའི་སྟན་ལ་ལྷོད་པོར་གན་ཀྱལ་དུ་ཉལ། ལག་གཉིས་སྙིང་གར་སྣོན་བའམ་གཞོགས་སུ་ཕབ་ཀྱང་རུང༌། རྐེ་ཅུང་ཟད་སྐྱུ་བའི་རྣམ་པས་འགྲམ་པ་སར་ཕབ་ནས་རླུང་སེམས་སྔར་བཞིན་བྱེད་པ་ཡིན་ནོ།།
        འདི་དག་གང་ལ་དེ་འཚམ་ཀྱི་ཉམས་ལེན་བྱས་ན་ནད་པར་འཕྲལ་དུ་ལུས་སེམས་ལ་ཅུང་ཟད་ངལ་གསོ་ཐོབ་པ་དང༌། དེ་ནས་བཅོས་ཐབས་ཇི་དགོས་གོམས་གང་མདུན་སྤོས་ཀྱི་ཚུལ་དུ་བྱ་ཆོག་པ་ཡིན། འདི་དག་མཚོན་བྱེད་ཙམ་དེ་རྒྱས་པར་གཞན་ནས་མཁྱེན་པར་མཛོད།
            རླུང་སྦྱོང་ངམ་སྲོག་རྩོལ་བཅོས་ཐབས། རླུང་སྦྱོང་གི་བཅོས་ཐབས་ནི་ཡིད་མཐུན་གྱི་བདེ་བའི་སྟན་ལ་པད་མའི་འདུག་སྟངས་སོགས་སྤྱོད་ལམ་གང་བདེར་འཁོད་དུ་བཅུག་ནས་དབུགས་ཀྱི་འབྱིན་རྔུབ་ལ་བརྟེན་ནས་བཅོས་ཐབས་ཤིག་ཡིན།
        ༡ ཀཔཱལ་བྷཱཏིའ། (Kapalabhati)  ༢ ཤིའལལིའ་པྲཱཎཱཡམྣིའ། (Shilali pranayami) ༣ བྷ྄རམརི་པྲཱཎཱཡམྣིའ། Brimari pranayamiསོགས་ཡིན་ཅིང༌། འདི་དག་གཙོ་བོ་དབུགས་ཀྱི་འབྱིན་རྔུབ་ཁྱད་པར་ཅན་ལ་བརྟེན་པ་སྟེ།
        དང་པོའི་རླུང་སྦྱོང་ལ་གཉིས་ཡོད་དེ། ཐོག་མར་ནང་གི་རླུང་རྣམས་རྫོགས་པར་ཁ་སྣ་སོགས་ནས་ཕྱིར་བཏོན་ནས་འོག་རླུང་རྔུབ། མ་གོམ་པའི་དུས་སུ་ལྟོ་བ་ནང་དུ་ལག་པས་འཕུལ་ནས་བརྟེན། རིམ་པས་གོམས་ན་རང་སྟོབས་ཀྱིས་འོང་བ་ཡིན། དེ་ནས་སྟེང་རླུང་ཁ་སྣ་གཉིས་ཀ་ནས་རྫོགས་པར་རྔུབ་སྟེ། བྱང་ཁོག་སྟོད་དུ་ཅི་ནུས་བཟུང་ནས་མི་ཐུབ་པ་དང་སྣ་ནས་ཤུགས་ཀྱིས་འབུད། འདིས་ནི་གློ་བ་སོགས་ཀྱི་ཡུལ་དུ་རྡུལ་སྙིགས་དང་རླུང་རོ་བསགས་པ་རྣམས་ཕྱིར་འབྱིན་ཞིང༌། དེ་དག་ཏུ་ལས་མེད་དུ་གནས་པའིརྡུལ་ཕྲན་རྣམས་ཀྱང་བསྐྱོད་པའི་བྱེད་ལས་ཅན་ཡིན། གཉིས་པ་གཞན་གོང་ལྟར་ལ། སྟེང་རླུང་རྫོགས་པར་རྔུབ་པ་བྱང་ཁོག་སྟོད་སྨད་གཉིས་ཀར་བཀང་ནས་ཅི་ཐུབ་བཟུང་སྟེ་དྲག་ཏུ་ཕྱིར་འབུད་པ་དང་བཅས་ལྟོ་བ་སྒལ་པར་རྡབ། དེ་ནས་ནང་རླུང་རྣམས་ལྟོ་བ་རྡབ་པ་དང་བཅས་ཏེ་ཁ་སྣ་ནས་ཕྱིར་དྲག་ཏུ་འབུད།
        གཉིས་པའི་རླུང་སྦྱོང༌། བདེ་བའི་སྟན་ལ་སྤྱོད་ལམ་གང་བདཻར་འཁོད་དེ། ལུས་ཀྱི་རྩ་དང༌། ཉྭ་དང༌། ལྷུ་ཚིགས་རྣམས་ལྷོད་ལྷོད་པོའམ་རང་བབས་སུ་བཞག མཆུ་ཙོག་ཙོག་པོར་བྱས་ནས་དེ་ལས་རླུང་དྲག་ཏུ་ཤུར་སྒྲ་དང་བཅས་ནང་དུ་རྔུབ་སྟེ་བཟུང༌། མ་ཐུབ་ན་ཕྱིར་སྣ་ནས་དལ་བུས་འབུད། འདི་ཉིད་ལན་འགའ་བྱས་ན་ལུས་སེམས་ཀྱི་ཚ་དྲོད་རྣམས་ཕྱིར་འབྱིན་ཅིང་ཞི་བསིལ་གྱི་བདེ་བ་འཕྲལ་དུ་སྦྱིན་པར་བྱེད་པ་ཡིན།
        རླུང་སྦྱོང་གསུམ་པ། སྔར་ལྟར་པདྨ་སོགས་ཀྱི་འདུག་སྟངས་ཀྱིས་འཁོད་དེ། སྒལ་ཚིགས་བསྲང༌། དཔུང་མགོ་ཕྱིར་ཅུང་ཟད་བསྐྱེད། ལག་པའི་མཐེ་བོང་གཉིས་ཀྱིས་རྣ་བའི་དྲུང་ནས་བཀག་པ་ལྟར་བྱས། མཛུག་གུང་བཞིས་མིག་གཉིས་ཀྱི་སྟེང་དང༌། སྲིན་ལག་གཉིས་སྣའི་བུ་ག་དང༌། མཐེའུ་ཆུང་གཉིས་ཀྱི་ཁ་བཀབ་པ་ལྟར་གྱི་ཕྱག་རྒྱ་བྱས་ནས་འོག་རླུང་འཐེན། སྟེང་རླུང་དལ་བུས་ནང་དུ་རྔུབ་ཨོཾ་གྱི་གདངས་ཅན་གྱིས་དལ་བུས་ཁ་ནས་ཕྱིར་བཏང་བས་རྩ་འཁོར་རྣམས་སུ་གནས་པའི་རླུང་རོ་རྣམས་ཕྱིར་འབྱིན་ཅིང་འཕྲལ་དུ་ལུས་སེམས་ལྷོད་ལྷོད་པོར་འགྱུར་བ་ཡིན། གོང་དུ་བཤད་པ་འདི་དག་ཀྱང་སེམས་ནད་ཅན་ཁོ་ན་མིན་པར་ནད་མེད་རྣམས་ཀྱིས་རྒྱུན་ལྡན་ཉམས་ལེན་བྱེད་ཐུབ་ན་ལུས་སེམས་ཀྱི་བདེ་ཐང་ལ་ཤིན་ཏུ་སྨན་པ་ཡིན། འདི་ནི་མཚོན་དོན་ཙམ་སྟེ་ཤིན་ཏུ་རྒྱས་པ་བླ་མེད་ཀྱི་རྒྱུད་སྡེ་རྣམས་སུ་བཞུགས་ཡོད།
དེ་ལྟ་བུས་ཞི་གནས་ཀྱིས་སེམས་བཟུང་བ་དང༌། རྩ་རླུང་འཁྲུལ་འཁོར་རྡོར་བཟླས་སོགས་ཀྱིས་ལུས་སེམས་ཀྱི་ནད་ཞི་བའི་ཐབས་རྨད་དུ་བྱུང་བ་སྨན་སོགས་རྫས་རགས་པ་ལ་བརྟེན་མི་དགོས་པ་ཇི་སྙེད་ཅིག་སྟོན་པ་བདེ་བར་གཤེགས་པས་རྣམ་གྲོལ་སྒྲུབ་པའི་རྟེན་འདི་ལས་རུང་དུ་བསྒྱུར་བའི་ཆེད་དུ་བཀའ་སྩལ་བའི་རིན་ཐང་བྲལ་བའི་ནོར་བུ་ཇི་སྙེད་ཅིག་ཡོད་པ་རྣམས་ད་ལྟ་ནི་རྡུལ་ཁྲོད་དུ་བདག་མེད་དུ་གཟིམ་ནས་འདུག་ན། དཔྱོད་ལྡན་འདྲ་ཡོད་ན་ཕྱག་གདལ་ཁྲོད་ན་དགོས་འདོད་འབྱུང་བའི་ནོར་བུ་འདུག་གོ།
གཞན་ཡང་ཕྲན་ཚེགས་ཀྱི་བཅོས་ཐབས་སྣ་ཚོགས་ཡོད་དེ། ཁ་དོག་གིས་གསོ་བ་དང༌། གུ་གུལ་སོགས་དྲིས་གསོ་བ་དང༌། རོལ་མོས་གསོ་ཐབས་སོགས་མནའ་དེང་གི་རྣམ་འགྱུར་ཀྱི་སེམས་ཁམས་གསོ་ཐབས་རྣམས་སོ་སོར་རྒྱུ་མཚན་དང་སྒྲུབ་བྱེད་ཀྱི་རིགས་པའང་འཐད་ལྡན་དུ་མ་ཡོད་པ་མང་དུ་ཡོད་དོ།།
བོད་ཀྱི་གསོ་བ་རིག་པའི་གཞུང་དང་གདམས་པ་དུ་མ་ཞིག་ནས་སེམས་ཁམས་རྣམ་འགྱུར་གྱི་ནད་གཞི་གསོ་ཐབས་གསུངས་པ་རྣམས་ཀྱི་སྙིང་དོན་ཙམ་ནི། དེ་ཡང་འབྱུང་གདོན་སོགས་སེམས་ཁམས་ཀྱི་ནད་གཞི་འགའ་ཞིག་དོན་མེད་རྣམ་རྟོག་གི་དབང་ལས་བྱུང་བ་མང་དུ་ཡོད་པ་དེ་དག་དང༌། གཞན་ཡང་ལུས་སེམས་ཀྱི་མི་འདོད་པའི་སྡུག་བསྔལ་མཐའ་དག་གི་འབྱུང་རྩ་ནི་རང་གཅེས་འཛིན་དང་བདག་ཏུ་འཛིན་པ་གཉིས་ལས་བྱུང་བ་ནི་བོད་ཀྱི་གསོ་རིག་གི་རྩ་བའི་ལྟ་བ་ཡིན་ཅིང༌། གསོ་ཐབས་ཀྱང་རྒྱུ་དེ་དང་དངོས་འགལ་དུ་འགྲོ་བ་ཞིག་དགོས་པ་ནི་གསོ་བ་རིག་པའི་བཅོས་ཐབས་ཀྱི་གྲུབ་མཐའ་ངོ་མ་ཡིན་ཏེ། བཤད་རྒྱུད་ལས། ནད་རྣམས་ཀུན་གྱི་རྒྱུ་ནི་གཅིག་པུ་སྟེ། །བདག་མེད་དོན་མ་རྟོགས་པའི་མ་རིག་ཅེས། །ཞེས་དང༌། མན་ངག་རྒྱུད་ལས་ཀྱང༌། ལུས་སེམས་ནད་གདོན་ཡེ་ནས་མ་གྲུབ་ཕྱིར། །བདག་མེད་སྟོང་པའི་དོན་ལ་རྒྱུན་དུ་བལྟ། །ཞེས་དང༌། ཁམས་གསུམ་སེམས་ཅན་རང་གི་ཕ་མ་སྟེ། །ཕ་མའི་ལན་ཆགས་བུ་ཡིས་སྦྱོང་པའི་ཕྱིར། །སྤྱི་དང་སྒོས་དང་ཡང་སྒོས་སེམས་བསྐྱེད་ལ། །ལུས་ངག་ཡིད་དང་ལོངས་སྤྱོད་སྦྱིན་བློས་བཏང༌། །
ཞེས་བསྟན་པ་བཞིན་གནོད་བྱེད་ཀྱི་ནད་གདོན་དང༌། གནོད་བྱའི་བདག་གམ་ང་ཞེས་རང་དབང་བར་གྲུབ་པའམ། ཡུལ་གྱི་ངོས་ནས་ཚུར་རྣམ་པ་གཏད་པ་བཞིན་ཚུགས་ཐུབ་ཏུ་གྲུབ་པར་སྣང་བ་འདི་རྣམས་རྒྱུ་དང་འབྲས་བུ་དཔྱོད་པའི་གཏན་ཚིག་དང༌། མཐའ་བདུན་དུ་དཔྱོད་པའི་རིགས་པ་རྣམས་དང༌། ལྷག་པར་རིག་པའི་རྒྱལ་པོ་རྟེན་འབྲེལ་གྱིས་དཔྱད་ན་ཐ་སྙད་དུ་ཡོད་པ་ཙམ་ལས་སྣང་བ་ལྟར་མ་གྲུབ་པའི་དོན་ལ་བསླབ་ནས་སྒོམ་པ་དང༌། དེ་བཞིན་དུ། འཁོར་བའི་ཁ་བརྒྱུད་ལུས་ངན་སྣ་ཚོགས་བླངས། གསུངས་པ་བཞིན་ཐོག་མེད་ནས་གནས་ངེས་མེད་དུ་ལུས་རྟེན་ངེས་མེད་སྣ་ཚོགས་པ་ཞིག་གི་སྐྱེ་བ་བླང་པ་ཕལ་ཆེར་ལ་ཕ་མ་ཡོད་པ་དང༌། ཚེ་འདིའི་ཕ་མས་རང་ལ་བྱམས་བརྩེས་སྐྱོང་བ་བཞིན་སྐྱེ་བ་དང་ལུས་རྟེན་གཞན་གྱི་ཕ་མས་ཀྱང་གཅེས་པར་བསྐྱངས་ཡོད་པ་གོར་མ་ཆག་ཅིང༌། ད་རེས་སྐྱེ་འཆི་འཕོས་པས་ངོ་མ་ཤེས་པ་ཙམ་ལས་དོན་དུ་ཁམས་གསུམ་གྱི་ཁ་བརྒྱུད་དུ་འཁོར་ཞིང་ལུས་རྟེན་སྣ་ཚོགས་པ་བཟུང་བ་འདི་དག་རང་གི་ཕ་མ་ཤ་སྟག་ཡིན་ཅིང༌། སྟབས་ཉེས་པ་ཞིག་ལ་དེ་དག་ཕལ་ཆེར་ཆགས་སོགས་ཉོན་མོངས་པའི་གདོན་གྱིས་སྨྱོས་ཏེ་ངན་སོང་དང་སྡུག་བསྔལ་གྱི་གཅོང་རོང་གི་གཡང་ཁ་ན་བག་མེད་པས་འཁྲབ། བླང་དོར་གྱི་མིག་ནི་འགྲིབ། གནས་ལུགས་ཀྱི་དོན་ལ་སྒྲིབ་པའི་མ་རིག་པའི་སྨག་གིས་ནི་ཕྱོགས་ཐམས་ཅད་ཁྱབ། དམ་པའི་ལོང་ཁྲིད་དང་ནི་བྲལ། ཉོན་མོངས་དང་ལྟ་བའི་ཆུ་བོ་དང་ནད་གཞི་སྣ་ཚོགས་པས་ལུས་སེམས་གཉིས་ཀར་གཙེས་པ་སོགས་ཀྱི་ངང་ཚུལ་རྣམས་བསམས་ཏེ་དེ་དག་ལ་སྙིང་རྗེ་དང༌། དེ་དག་བདེ་བ་ཀུན་གྱི་ཡང་རྩེར་རེག་འདོད་ཀྱི་བྱམས་པ་དང༌། དེ་འདྲའི་མ་རྒན་སེམས་ཅན་དེ་དག་བདེ་བ་ཀུན་གྱི་རྩེ་ལ་རེག་ཅིང༌། དེ་ལས་ནམ་ཡང་མི་འབྲལ་བ་བདག་ཁོ་ནས་ཅིས་ཀྱང་བྱེད་སྙམ་པའི་ལྷག་བསམ་རྣམས་སྒྲ་སྤྱི་ཙམ་ལ་མ་ལུས་པར་ཞེ་ཐག་པ་ནས་ཡང་ནས་ཡང་དུ་བསམ་ཞིང་སྒོམ་པ་དང༌།
དེ་བཞིན་དུ་ནད་དང་སྡུག་བསྔལ་གྱིས་གཙེས་པའི་རྒྱུ་གཞན་ཞིག་ནི་རང་ཉིད་བསོད་ནམས་ཀྱི་དཔུང་ཟད་ནས་གཙེས་པ་ཡིན་ན་དེ་ཉིད་གོང་འཕེལ་ཡོང་བའི་དོན་དུ་ནོར་དང་མི་འཇིག་པའི་སྦྱིན་པ་གཏོང་སེམས་སྤེལ་བའི་སྒོ་ནས་ཕངས་མེད་དུ་གཏོང་བ་སོགས་རྣམ་དཀར་ཚོགས་གསོག་ལ་འབད་པ་དང༌། གཞན་ཡང་སྡུག་བསྔལ་གྱི་འབྱུང་ཁུངས་ནི་རང་གཅེས་པར་འཛིན་པའི་གཅེས་འཛིན་གྱི་ཤའུ་རྗེན་པ་འདི་ཉིད་ལ་གནོད་བྱེད་ཀྱི་སྦྲང་བུས་གཙེས་པ་ལགས་ན་བདག་མེད་པའི་དོན་ལ་བསམ་ནས་བདག་གཅེས་འཛིན་དང༌། ད་ལྟའི་ལུས་འདི་ནི་གཞན་གྱི་མགྲོན་ཁང་དུ་དོ་ནུབ་བསྡད་པ་དང་འདྲ་ཞིང༌། དུས་ཐུང་ནང་བསྐྱུར་ནས་འགྲོ་བ་ལ་ཆགས་པ་བྱེད་པ་ནི་བྱིས་པའི་ངང་ཚུལ་ཡིན་པ་བཞིན་ལུས་སོགས་བདག་གི་བ་རྣམས་ལ་གཅེས་པར་འཛིན་པ་མཐའ་དག་རྐང་གི་ཁོང་ནས་དོར་ཏེ་གནོད་བྱེད་དང༌། ལེ་ལན་ཆགས་པ་རྣམས་ལ་གང་འདོད་དུ་ལོངས་སུ་སྤྱོད་རུང་དུ་བསྒྱུར་ནས་ལེན་དུ་བཅུག་པའི་བློས་གཏོང་ཆེན་པོ་བྱེད་པ་རྣམས་ནི་ནང་གི་གསོ་ཐབས་ངོ་མ་ལགས་ཤིང༌། དེ་ཉིད་བོད་ཀྱི་གསོ་བ་རིག་པའི་གསོ་ཐབས་ཀྱི་ལྟ་གྲུབ་དངོས་ཀྱང་ཡིན། དེ་དག་གཞིར་བཞག་སྟེ་སྣོད་རུང་དུ་བྱས་ནས་མཚན་ཉིད་དང་ལྡན་པའི་བླ་མ་ལས་ལྷག་པའི་ལྷ་རྣམས་ཀྱི་དབང་དང་གདམས་པ་རྣམས་ཞུས་ཏེ། དེ་དག་གི་ལམ་བསྐྱེད་རྫོགས་ལ་བསླབ་ན་ལུས་སེམས་ཀྱི་ནད་ཀྱི་རྒྱ་ལས་དཀའ་ཚེགས་མེད་པར་གྲོལ་བར་འགྱུར་བ་ཐེ་ཚོམ་མེད། དེ་བཞིན་དུ་བྱང་ཆུབ་སེམས་སྦྱོང་དང་བློ་སྦྱོང་གི་གདམས་པ་རྣམས་ལས་འབྱུང་བའི་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བའི་གསོ་ཐབས་ཀྱི་རྒྱལ་པོ་དུ་མ་ཞིག་ཡོད་པ་རྣམས་ལ་འབད་ན་སྡུག་བསྔལ་ཇི་འདྲ་ཞིག་གི་ཀློང་དུ་ཚུད་ཀྱང་ཉམས་ང་དང་བག་ཚ་ཡོད་པ་མ་ཡིན་ནོ།།
དེ་མིན་རྫས་ཀྱི་སྒོ་ནས་བྱཀྲྀ་དང་སྤང་སྤོས་གུ་གུལ་སོགས་སྦྱར་བའི་དུ་བས་བདུག་པ་དང༌། ཡུངས་དཀར་རྒྱ་སྤོས་ཤུག་པ་སོགས་སྦྱར་བའི་སྨན་མར་ཁོང་དུ་བསྟེན་པ་དང་ཕྱི་ནས་བྱུག་པ་དང༌། རིན་པོ་ཆེ་དང་འབྲུ་སྣ་དང་མེ་ཏོག་རྣམས་ལྷ་ཁང་ངམ་བྱང་ཕྱོགས་སོགས་སུ་འཛིན་དུས་སུ་དོར་བ་རྟེན་འབྲེལ་གྱི་བཅོས་དང༌། དེ་བཞིན་དུ་རྣམ་ཤེས་ཀྱི་རྒྱུ་ལམ་ལོག་པར་ཞུགས་པ་རྣམས་ལ་ཡིད་འཇུག་པའི་བུ་ག་ནད་ཀྱིས་བཀག་པ་བསལ་བའི་སླད་དུ་མར་རྙིང་དགེ་བའི་སྨན་མར་སོགས་ཀྱི་སྐུ་མཉེ་དང་འཇམ་རྩི་སོགས་བྱེད་པ་དང༌། གཞན་ཡང་རང་བྱུང་ངམ་བདུད་རྩི་ལྔ་ལྟ་བུའི་སྨན་ཆུར་སྦྱངས་ནས་ལུམ་བྱེད་པ་དང༌། སྐྱུགས་དང༌། སྦྱང་དང༌། སྲོག་རྩ་དང་སྙིང་གི་ཕྱི་རྩ་ལ་གཏར་ག་བདག་པ་སོགས་བྱས་ཏེ་རླུང་རྒྱུའི་བུ་ག་སྦྱོང་བ་དང༌།
དེ་ནས་ཐབས་དང་ལྡན་པས་བཙན་དུག་སྨན་མར་ཚད་ལྡན་བསྟེན་པ་སོགས་བྱེ་བྲག་ཉེས་པ་སོ་སོའི་མཚན་ཉིད་བཞིན་ཕྱེ་མ་དང༌། རིལ་བུ་དང༌། སྐྱུགས་དང༌། སྦྱོང་དང༌། བདུགས་པ་སོགས་གང་དགོས་བྱེད་པ་དང༌། གཞན་ཡང་དངངས་སྐྲག་འདོན་པ་དང༌། ལྷག་པར་ཚན་ལྡན་གྱི་རྣལ་འབྱོར་བས་ཚུལ་བཞིན་སྒྲུབ་པའི་སྲུང་འཁོར་དང༌། རྫས་སྲུང་འདོག་པ་དང༌། བདུག་པ་སོགས་སྲུང་བ་དང༌། བྱད་སྒྲོལ་དང་གདོན་གྲོལ་སོགས་འཆིང་བ་ལས་འགྲོལ་བ་དང༌། བཀྲུ་བ་དང་བྱབ་པ་སོགས་མི་གཙང་བ་སྦྱོང་བ་དང༌། བཀའ་བསྒོ་དང་སྐྲོད་པ་སོགས་ནད་བདག་སྐྲོད་པ་དང༌། གཏོར་མ་དང་སྦྱིན་སྲེག་དང༌། འཆི་བླུ་སོགས་གང་ལ་གང་དགོས་ཀྱིས་རྒྱབ་རྟེན་གྱི་ནད་བདག་ལས་གྲོལ་བར་བྱས་ཏེ། དེ་ལས་བྱུང་བའི་ལུས་ཀྱི་འབྱུང་བའམ་གནོད་བྱའི་ཁམས་རྣམ་པར་འགྱུར་བ་རྣམས་ལ་ནད་ཁམས་དང་མཐུན་པའི་སྨན་གྱིས་བཅོས་པར་བྱ་དགོས་པ་དཔེར་ན། སྨྱོ་བརྗེད་ཀྱི་ནད་གཞི་རྣམས་ཁྲག་མཁྲིས་ཚ་བའི་རྒྱབ་རྟེན་དང་བཅས་པ་ཡིན་པས་གཏར་བཤལ་སོགས་ཀྱིས་ཚ་བ་དག་པར་བྱས་ནས། དེ་རྗེས་དངོས་གཞིའི་བཅོས་དྲོ་བཅུད་མེ་ཐུར་གང་དགོས་གཞི་ནས་བྱེད་དགོས་པ་ལྟ་བུ་ཡིན་ནོ།།
མདོར་ན་སེམས་ཁམས་རྣམ་འགྱུར་གྱི་ནད་ནི་སྟེང་གདོན་སོགས་འབྱུང་པོའི་གདོན་དང༌། སྨྱོ་བརྗེད་སོགས་རྣམ་ཤེས་མྱོས་པའི་རིགས་བཅས་གཉིས་སུ་བསྡུས་པ་ཡིན་ཅིང༌། དེ་དག་རེ་རེ་ལའང་ནང་གསེས་དུ་མ་ཡོད་པ་རྣམས་བཅོས་པར་ཐོག་མར་དེ་དག་གི་འཛིན་དུས་སོགས་ལ་བརྟག་ནས་ངོ་མ་གང་ཡིན་ངེས་པར་རྟོགས་པར་བྱས་ཏེ་ད་གཟོད་རང་རང་གི་གསོ་ཐབས་རྣམས་གཞུང་ལས་གསུངས་པ་བཞིན་བསྟེན་དགོས་པ་ལས། དེ་དག་ལེགས་པར་ངོས་མ་ཟིན་པའི་བཅོས་ནི་འདྲེ་ཤར་སྒོ་དང་གཏོར་མ་ནུབ་སྒོའི་དཔེ་བཞིན་འགྱུར་བ་ཡོད་པས་ཐོག་མར་ངོས་ལེགས་པར་ཟིན་པ་གལ་ཆེའོ།།
དེ་ལྟར་བོད་ཀྱི་གསོ་བ་རིག་པའི་སེམས་ཁམས་རྣམ་འགྱུར་གྱི་ནད་གཞི་བཅོས་ཐབས་རྣམས་སུ་སྔར་བཤད་པའི་རྒྱལ་ཁབ་དང་མི་རིགས་གཞན་དང༌། ལྟ་གྲུབ་གཞན་གྱི་གསོ་ཐབས་ཕལ་ཆེར་གྱི་སྙིང་པོ་འདུས་པ་ལྟ་བུ་ཡོད་པ་ནི་གཞུང་ཉིད་ལ་འདྲིས་པས་ཤེས་ཤིང༌། ལྷག་པར་བོད་ཀྱི་གསོ་རིག་གི་ལོ་རྒྱུས་རྣམས་སུ་གྷིརིག Greek དང༌། ཁྲོམས་ཀྱི་སྨན་པའི་ལུགས་དང༌། རྒྱ་ནག་དང༌། རྒྱ་གར་གྱི་སྨན་བཅོས་མཐའ་དག་གི་སྙིང་པོ་རྣམས་བོད་ཀྱི་རྒྱལ་བློན་དཔའ་འཛངས་རྟུལ་ཕོད་ཅན་རི་རྒྱལ་ལས་བརླིང་བ་རྣམས་དང༌། རྣམ་དཔྱོད་ཀྱི་བློ་གྲོས་ནམ་མཁའ་ལྟར་ཡངས་ཤིང་སྤུ་གྲི་དང་ཀུ་ཤའི་རྩེ་ལྟར་རྣམ་པར་རྣོ་བའི་ཟབ་གསལ་མྱུར་བའི་ཤེས་རབ་ཅན་གྱི་ལོ་པཎ་མཁས་གྲུབ་རྣམས་ཀྱིས་བཞེས་པར་གསལ་བ་རྣམས་ལ་ཡིད་ཆེས་ཚད་མ་བརྙེད་ཐུབ་པ་ཡོད་དོ།།
 སྨྲས་པ།      
                དེང་སང་ཡངས་པའི་འཇིག་རྟེན་དོག་པོར་གྱུར།།
                ཡུལ་གྱིས་ཐག་རིང་བཀལ་རྣམས་ཐེམས་པའི་འགྲམ།།
                ཕྲ་བའི་ཁབ་རྩེ་གར་གྱི་སྟེགས་བུ་ཙམ།།
                དངོས་སུ་བསྒྱུར་འདི་སྙོན་པར་ག་ལ་ནུས།།

                དེ་བཞིན་ཕོངས་རྣམས་གནོད་སྦྱིན་བང་མཛོད་ལྟར།།
                སྲ་འཐས་རློམ་པའི་འཇིག་རྟེན་གོང་བུ་ཡང༌།།
                ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པ་ལ།།
                སྐད་ཅིག་ཙམ་ལས་ངལ་བ་བསྟེན་དོན་ཅི།།
       
                འགའ་རེས་འཇིག་རྟེན་གཞན་གྱི་བདེ་དྲོད་འཚོལ།།
                རེས་འགས་ཚེ་སྲོག་རྡོ་རྗེར་བསྒྱུར་ལ་བརྩོན།།
                གཞན་གྱིས་དགྲ་རྣམས་མིང་ཙམ་འཇོམས་པའི་ཆེད།།
                སྣ་ཚོགས་རྣོ་མཚོན་དུག་གི་རྦ་རླབས་གཡོ།།

                ལ་ལས་ལས་ཀྱིས་བསྐྲུན་པའི་འཇིག་རྟེན་འདི།།
                ལ་འུར་རྫོགས་ལྡན་དཔལ་ལ་འགོད་པའི་ཆེད།།
                འཚེ་མེད་བདེན་པའི་ཞི་བསིལ་གྲུ་ཆར་གྱིས།།
                འཚེ་བའི་མེ་དཔུང་འཇིལ་ལ་གཅིག་ཏུ་གཞོལ།།

                དེ་ལྟར་ཤིན་ཏུ་འཚུབ་པའི་འཇིག་རྟེན་གྱི།།
                འབྱུང་རྩར་གྱུར་འདིའང་སེམས་ལས་གཞན་ན་གང༌།།
                དེ་ཕྱིར་ཀུན་གཞི་སེམས་ཀྱི་རང་བཞིན་གྱི།།
                གནས་ལུགས་མི་འཚོལ་ཅེར་རེ་ལོང་པ་འདྲ།།

                འདི་ན་ཕལ་ཆེར་རྣོག་ཆུང་རང་དོན་ལ།།
                ལུས་སེམས་ཤ་ཐང་ཆད་ཆད་བརྩོན་པ་ཡིས།།
                དུས་ཀྱི་འཁོར་ཕྱོགས་སྣོད་བཅུད་འཇིག་རྒུད་སོགས།།
                བློ་ལ་ཆུ་ཡི་རི་མོ་བཞིན་དུ་སོང༌།།

                འགའ་ཞིག་རིག་གཞུང་བརྒྱུད་འཛིན་དར་སྤེལ་གྱི།།
                ཁ་གཡང་སྒྲོགས་ཀྱང་བློ་གྲོས་རྒྱ་ཁབ་མིག།
                ལ་ལར་ཤེས་པ་རྒྱུ་སྐར་གྲངས་མང་ཡང༌།།
                ཤེས་བྱའི་ལྷ་ལམ་ད་དུང་གསལ་མ་ནུས།།

                ཀ་ཡེ་གྲོགས་དག་ལྷག་བསམ་ཟུངས་ཁྲག་རྒྱུན།།
                ད་དུང་འདུག་ན་སྔོན་བྱོན་རང་རིགས་ཀྱིས།།
                ངལ་བརྒྱས་བསྐྲུན་པའི་རིག་གཞུང་ནོར་མཛོད་འདི།།
                སྲུང་དང་སྤེལ་བའི་ལས་འདི་དོན་ཆེན་ལྡན།།
       
                རིགས་དང་ཡུལ་གྲུ་གཞན་གྱི་ལེགས་བྱང་གི།
                རིགས་པའི་དལ་འགྲོ་རྒྱུན་ཆད་མེད་པ་ཡིས།།
                ལེགས་པར་བྲན་ཏེ་བོད་ཀྱི་ལེགས་བྱང་ཀླུང༌།།
                དབྱར་གྱི་མཚོ་བཞིན་འཕེལ་ལ་བརྩོན་པར་གྱིས།།
         
                ལྷག་བསམ་སྟོན་ཀའི་ཟླ་གཞོན་རྗེས་འགྲོ་བས།།
                ཚུལ་འདི་འབད་ལ་རྣམ་དཀར་གང་མཆིས་དེས།།
                རྒྱལ་བསྟན་སྲོག་གི་ཀ་བའི་གཉེན་གཅིག་པུ།།
                བསྟན་འཛིན་རྒྱ་མཚོའི་ཐུགས་བཞེད་ལྷུན་གྲུབ་ཤོག།
         
                འདི་སྨྲ་པོ་ཡང་སྐྱེ་ཞིང་སྐྱེ་བར་བཤེས་གཉེན་གྱིས།།
                རྗེས་བཟུང་ཚུལ་བཞིན་བསྟེན་པས་ས་ལམ་རིམ་བགྲོད་དེ།།
                རྒྱལ་སྲས་སྤྱོད་པའི་ཁྲི་འཕང་མཐོན་པོའི་དབུས་དག་ཏུ།།
                འཆད་རྩོད་རྩོམ་པའི་ཅོད་པན་ཐོགས་པས་མཛེས་གྱུར་ཅིག།།
 
ཅེས་བོད་ཀྱི་གསོ་རིག་གི་སེམས་ཁམས་ཀྱི་རྣམ་བཞག་མདོར་བསྡུས་སུ་བཀོད་པ་ས་བོན་གྲུང་པོ་ཞེས་བྱ་བ་འདི་བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ནས་བཀོད་སྒྲིག་བྱས་པའི་བོད་ཀྱི་གསོ་བ་རིག་པའི་ཟབ་སྦྱོང་དང་བགྲོ་གླེང་གི་ཚོགས་འདུའི་ཐོག་ཏུ་ཁོ་བོར་རླུང་སེམས་ཀྱི་འབྲེལ་བའི་སྐོར་ཞིག་ངོ་སྤྲོད་བྱ་དགོས་བཀའ་ཕེབས་པར། དེང་དུས་སེམས་ཁམས་རིག་པའི་སྐོར་ནི་རྒྱ་གར་སོགས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་དར་རྒྱས་ཆེ་ཞིང་ཚད་ལྡན་གྱི་མཁས་པ་དུ་མས་ཤིན་ཏུ་གནད་ཆེར་འཛིན་ཀྱང༌། དེང་སྐབས་བོད་ཀྱི་གསོ་རིག་སྨྲ་བ་རྣམས་ལ་གོ་རྟོགས་དེ་རིགས་ཡོད་མེད་མ་འཚལ་ཡང༌། གོ་རྟོགས་དེ་རིགས་ཡོད་དགོས་རྒྱུར་ཤིན་ཏུ་གལ་ཆེར་མཐོང་ནས་ཐོག་མའི་ས་བོན་གྱི་ཚུལ་དུ་མདོ་ཁམས་སྡེ་དགེ་ཀཿཐོག་མཁན་ཆེན་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་སོགས་ཀྱི་ཞབས་ལ་རེག་པས་ལུས་སེམས་ཀྱི་རྣམ་བཞག་དང་གནས་ལུགས་ལ་ཕྱོགས་མགོ་དོད་ཙམ་གྱི་གོ་བ་ཆགས་པ། མདོ་ཁམས་སའི་ཐིག་ལེར་ལྟེ་མཚལ་ཐོར་བ་འཚོ་བྱེད་ངྷཱིཿམིང་ཅན་གྱིས་སྟོན་པ་བདེ་བར་གཤེགས་པས་དམ་པའི་ཆོས་ཀྱི་བདུད་རྩི་ཐོག་མར་འཇོ་བའི་གནས་མཆོག་སཱརནཱཐའི་འདབ་རོལ་ཏུ་གནས་ཆགས་པ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སྤྱི་ལོ་ ༢༠༠༥ ཟླ་བ་༡༡ ཚེས་༢ འཕྲོག་བྱེད་ར་མ་ཡཎས་ལང་ཀའི་བདག་པོ་འཁོར་དང་བཅས་པ་བཅོམ་ནས་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་འཕྱར་སྟེ་རང་གི་ཡུལ་དུ་ཞབས་སོར་གྱི་རེ་ཁ་རྣམ་པར་འཁོད་པའི་ཉིན་གྲུབ་པར་བགྱིས་པའི་ཡི་གེ་བ་ནི་སྦྲ་གཉིས་ཟླ་བ་ཚེ་རིང་ནས་བགྱིས་པ་དགེ་ལེགས་འཕེལ།། །།


No comments: