Search This Blog

Friday 15 April 2011

4 བོད་ཀྱི་གསོ་བ་རིག་པའི་གཞུང་ནས་བཤད་པའི་འཆི་བའི་རྣམ་པ།།


 འཆི་བདག་བདུད་བཅོམ་འཆི་བ་མེད་པའི་གོ་འཕང་མཆོག་བརྙེས་ནས།།
 འཆི་བས་འཇིགས་དག་འཆི་མེད་ལམ་མཆོག་མཆོག་ཏུ་བགྲོད་བྱེད་པའི།།
 འཆི་མེད་བདུད་རྩི་འཆི་བས་ཉེན་ལ་ཉེ་བར་སྟེར་མཛད་དེ།།
 འཆི་མེད་གོ་འཕང་ཀུན་ལ་བསྐྲུན་མཛད་སྟོན་པ་གང་དེར་འདུད།།
            མི་འཆི་སྙམ་པའི་རེ་བའི་མཐའ་སླུས་ནས།།
            མི་རྟག་འཆི་བའི་ངང་ཚུལ་འཇིགས་རུང་བ།།
            མི་འདོད་བཞིན་དུ་ཐོག་ཏུ་འབབ་པའི་ཚུལ།།
           མི་ཤེས་ནའང་འགའ་ཞིག་འདིར་འགོད་བྱ།།       ས་སྟེང་འདིར་དུས་གསུམ་གྱི་འགྲོ་བ་ཡོད་དོ་ཅོག་འཆི་བས་མཇུག་བསྡུ་བ་ལས་དེ་ལ་རྫས་སྔགས་དང་དེང་རབས་ཀྱི་འཕྲུལ་ཐབས་གང་གིས་ཀྱང་མི་འཆི་བ་བྱར་མེད་པ་ལྟ་བུར་སྣང༌། འོན་ཀྱང་འགྲོ་བ་ཕལ་ཆེར་ནི་འཆི་བས་མཚོན་པའི་གནས་ཚུལ་གང་ལའང་དོ་སྣང་དང་བརྟག་པའི་བློ་ཡི་གཞི་མ་གྲུབ། དེ་ལས་མི་ནི་འགྲོ་བ་གཞན་ལས་རྣམ་རིག་བཀྲ་ཞིང་དངོས་པོའི་གནས་ཚུལ་དང་འཇིག་རྟེན་ཚུལ་ལུགས་ལ་དཔྱོད་པའི་བསམ་བློའི་སྒོ་མཐའ་ཡས་པ་ཞིག་ཡོད་པ་ལས་སྔོན་གྱི་མཁས་པ་དང་དྲང་སྲོང་རྣམས་ཀྱིས་གཞི་དངོས་པོའི་གནས་ཚུལ་དང༌། ལམ་བགྲོད་པའི་རིམ་པ་དང༌། འབྲས་བུ་མངོན་དུ་བྱེད་ཚུལ་སོགས་རང་རང་གིས་ལེགས་པར་བརྟག་ནས་དཔྱད་དོན་གཏན་ལ་ཕབ་པས་སྔོན་དང་ད་ལྟར་གནས་པའི་ཆོས་ལུགས་དང་བལྟ་གྲུབ་འདི་དག་བྱུང༌། དེ་ནས་དུས་ཀྱི་འཕེལ་ཕྱོགས་ཀྱིས་མི་རྣམས་ད་ལྟ་དབང་པོ་མངོན་སུམ་ལ་གང་སྣང་བ་དེའི་རྗེས་སུ་བློ་ཕྱོགས་ནས་དེ་དག་ལ་འཐད་ཕྱོགས་ཀྱི་རིག་པ་དང་ཡོ་བྱེད་དུ་མས་དཔྱད་ཅིང་བརྟག་པས་རྫས་དང་འབྱུང་བའི་ནུས་པ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་དུ་མ་རྗེན་པར་མཐོང་ནས་དེ་དག་ལ་དབང་བསྒྱུར་དང་བེད་སྤྱོད་བྱས་པས་དེང་གི་ཁེ་ཉེན་གཉིས་ཀྱི་སོ་མཚམས་ལ་སླེབ་པ་འདི་དག་བྱུང༌། འོན་ཏེ་འཆི་བ་ནམ་འོང་དང་ཇི་ལྟར་འོང་བ་དང༌། འཆི་བའི་རྗེས་སུ་ཇི་ལྟར་འགྱུར་བ་ལ་དོ་སྣང་མ་བྱས་པའམ། ཐ་ན་སྣང་མེད་དུ་བཞག་ཏེ་ཕྱི་དངོས་པོའི་དཔལ་ཡོན་གྱི་རྗེས་སུ་རྒྱུགས་རྒྱུག་མཐར་འཆི་བ་བཏུགས་ཀྱིས་འོང་བས་ཅི་བྱ་ག།།།ྃཏོལ་མེད་དུ་གནས་པ་ཤ་སྟག་ལས་མ་འདས། དེས་ན་ཁོ་བོ་ད་རེས་མངལ་སྐྱེས་ཁམས་དྲུག་ལྡན་གྱི་མི་ཞིག་ལ་འཆི་བའི་རིམ་པ་ཇི་འདྲ་ཡོང་ཚུལ་བོད་ཀྱི་གསོ་རིག་སོགས་ཀྱི་གཞུང་ལས་གསུངས་པ་ཚིགས་ཚོགས་སྐྱུང་ནས་འགོད་པ་ལ། གང་ཟག་གཞན་ཞིག་འཆི་བ་གཞན་གྱིས་ཇི་ལྟར་ཚོར་བ་དང༌། རང་ཉིད་འཆི་བའི་རིམ་པ་རང་གིས་ཇི་ལྟར་མྱོང་བའི་ཚུལ་གཉིས་སུ་བསྡུས་ནས་བཤད་ན།
དང་པོ་གཞན་འཆི་བ་གཞན་གྱིས་ཇི་ལྟར་ཚོར་བ།
             དེ་ཡང་འཆི་བ་ནི་འགྲོ་བ་མཐའ་དག་ལ་ཡོང་བ་ཞིག་ལས་མིའི་འགྲོ་བ་ཁོ་ན་ལ་ཡོང་བ་ཞིག་མིན་ཅིང༌། དེ་ཡང་འཆི་བ་ཞེས་པ་ནི་རང་གི་གཟུགས་སམ་བེམ་པོ་དང་གསལ་རིག་གི་ཤེས་པ་གཉིས་གཏན་དུ་བྲལ་བ་ནི་འཆི་བ་ཡིན།
            དེ་ཡང་གཟུགས་དང་ཤེས་པ་ནི་ད་རེས་གློ་བུར་དུ་ཚོགས་པ་ལས་ཕ་རི་དང་ཚུར་རི་བཞིན་ཐ་དད་པའི་ཤེས་བྱ་ཡིན། དེ་ལྟར་ནའང་དེ་གཉིས་ད་རེས་ལྷན་ཅིག་ཏུ་ཚོགས་པ་དེའང་རྒྱུ་རྐྱེན་དུ་མ་ཞིག་གིས་བྱས་པ་ལས་སྟེས་དབང་དུ་གྱུར་བ་ཞིག་གཏན་ནས་མིན། འོན་ཏེ་ད་ལྟའི་གསལ་རིག་གི་ཤེས་པ་དེ་ཉིད་ལུས་རྟེན་དེ་ལ་ལྟོས་ཚབ་ཆེན་པོ་ཡིན་སྟབས་ལུས་དེའི་རྩ་ཁམས་ཐིག་ལེའི་ཆགས་སྟངས་ཀྱི་ཁྱད་པར་གྱིས་ཤེས་པ་གསལ་མི་གསལ་དང་གཟུགས་སོགས་ཡུལ་གྱི་སྣང་བ་ཡུལ་ཅན་ལ་འཆར་ཚུལ་སོགས་གཅིག་གྱུར་ཞིག་མེད་སྟབས་འཆི་བའི་རིམ་པ་དང་འཆི་བ་ཉམས་སུ་མྱོངཚུལ་སོགས་གཅིག་གྱུར་མེད་པ་ཤེས་ཐུབ། དེས་ན་ད་རེས་འདིར་ཁོ་བོའི་བཤད་བྱ་ནི་མངལ་སྐྱེས་ཁམས་དྲུག་ལྡན་གྱི་མི་ཞིག་བེམ་རིག་བྲལ་བའི་རིམ་པ་ཇི་ལྟར་འབྱུང་ཚུལ་ཡིན།                        དེའང་གཞན་གྱི་འཆི་བ་གཞན་གྱིས་ཤེས་པ་པོ་འགའ་ཞིག་ཡོད་ཀྱང་ད་རེས་སྨན་པས་ནད་པ་ཞིག་སྨན་བཅོས་བྱས་པའི་བརྒྱུད་རིམ་ལས་གསོ་ཡུལ་ལས་འདས་པའམ་བརྒལ་ནས་འཆི་འགྱུར་དུ་ཚོར་བའམ་སྣང་བ་དེ་ཡིན། དེ་ཡང་སྨན་པས་ནད་པ་དེ་ཉིད་འཆི་བར་ཤེས་པ་ནི་དཔེར་ན་ང་ཚོས་ཕྱིའི་རི་དང་ཁང་ཁྱིམ་སོགས་འཇིགས་བཞིན་པ་མིག་གིས་དངོས་སུམ་དུ་མཐོང་བ་ལྟར་མ་ཡིན་པར་རྒྱུན་ལྡན་གང་ལ་བརྟེན་ནས་ཚེ་གནས་པའམ་གསོན་པར་གྱུར་བའི་རག་ལས་སའི་རྒྱུ་དོན་སྣོད་སོགས་ལུས་ཀྱི་གནད་རྣམས་ཀྱི་བྱེད་པ་དང་ནུས་ཤུགས་རྣམས་ནད་དམ་མཚོན་གྱིས་མནར་བའམ་གཅོད་ཚབ་ཆེ་ཆུང་ལ་རྗེས་སུ་དཔག་ནས་ད་གཟོད་འཆི་བའམ་འདི་ཙམ་ན་འཆི་བར་འགྱུར་བ་སོགས་རྟོགས་ཐུབ།
            དང་པོ་རགས་པ་ནི་ཟས་ཀྱི་དང་ག་གཏན་ནས་འགག་སྟེ་ཟས་སྤང་བ་དང༌། གལ་ཏེ་ཟས་ཤིང་འཐུང་ཀྱང་ལུས་ཀྱི་ཟུངས་ཇེ་ཞན་ཏུ་ཕྱིན་ཏེ་རུས་མགོ་ཀོ་བས་སྟུམ་པ་ལྟར་གྱུར་པ་དང། རླུང་ཁྲག་གི་འཁོར་རྒྱུག་གི་རྒྱུ་བ་ཞན་སྟབས་ཡན་ལག་སོགས་ཀྱི་འཕར་རྩ་རྣམས་རྒྱུན་ལྡན་ལས་གཞན་དུ་གྱུར་བ་དང༌། ནད་གཞི་ཚ་བའི་གཉེན་པོ་བསྟེན་སྐབས་ཚ་བ་མ་ཞི་བའི་ཐོག་གྲང་བ་སྐྱེས་ཏེ་མེ་དྲོད་ཤི་ནས་དམུ་ཆུ་སོགས་སུ་གྱུར་པ་དང༌། དེ་བཞིན་གྲང་བའི་ནད་ལ་དེའི་གཉེན་པོ་བསྟེན་པས་གྲང་བ་ཞི་མ་ཞི་གང་ཡང་ཚ་བ་ཚད་ལས་འདས་པ་རྒྱས་པ་དང༌། སྨན་པ་མི་མཁས་པས་ནད་གཞི་ལེགས་པར་མ་རྟོགས་པར་སྨན་བཅོས་ལྟར་སྣང་རྒྱུན་རིང་དུ་བྱས་པས་ནད་ཀྱི་ནུས་སྟོབས་བསྐྱེད་དེ་ལུས་ཟུངས་གཅོམ་པ་དང༌། དེ་མིན་མཚོན་དང་དུག་གམ་ཡང་ན་ནད་སོགས་ཀྱིས་སྲོག་རྩ་དང་སྙིང་དང་ཀླད་པ་སོགས་སྲོག་གནས་སའི་གནད་ཀྱི་གཙོ་བོ་བཅོམ་པའམ་དེར་གནས་པ་དང༌། གསོ་བྱའི་ནད་གཞི་གང་ཡིན་བཅོས་པའི་དུས་མཚམས་ལས་ཡོངས་སུ་བརྒལ་བ་དང༌། ལུས་ཟུངས་ཧ་ཅང་ཞན་པས་སྨན་དཔྱད་མི་ཐུབ་པ་དང༌། རྟོག་བཏགས་ཀྱི་བཟོས་པའི་གདོན་གྱིས་ཚེའི་རྟེན་དུ་གྱུར་པ་ཁྱེར་བ་སོགས་ལ་རྗེས་སུ་དཔག་པས་ནམ་ཞིག་ན་འཆི་བར་འགྱུར་བ་ཤེས་ཐུབ།
            དེ་ལས་ཕྲ་བ་ནི་རླུང་ཁྲག་གི་རྒྱུ་ཚུལ་རྗེན་པར་རྟོགས་པའི་ལྟ་རྩ་དང་བླ་རྩ་རྣམས་ཀྱི་གནས་ཚུལ་ལས་དཔོག་ནུས་པ་ནི། རླུང་སེམས་དང་ལྷན་ཅིག་པའི་བྱེད་པ་སྔར་ལས་གཞན་དུ་འགྱུར་བས་རྩ་རྒྱུད་སྔར་གྱི་རྣམ་པ་ལས་གཞན་དུ་འགྱུར་བ་དཔེར་ན་ཚ་བའི་ནད་ལ་རི་རྩེའི་དར་ལྕེ་རླུང་གིས་བསྐྱོད་པ་འདྲ་བ་དཔང་དང་གྲངས་ཀྱི་སྣང་ཚུལ་ལས་འདས་པ་དྲག་ཏུ་འབྲུབ་པ་དང༌། རླུང་གི་ནད་ལ་རྩ་རྒྱུད་འཕར་ཕྲེང་འདར་ཁྲི་ལི་ལི་བྱེད་པ་དང༌། བད་ཀན་གྱི་ནད་གཞི་ལ་འཕར་ཡུན་རིང་ལ་སྐབས་སུ་རེ་ཙམ་ལས་མི་འཕར་བ་དེའང་མནན་ན་མི་འཕར་བ་རྣམས་རྩ་བའི་ནད་གཞི་སོ་སོའི་འཆི་རྩ་དང༌། དེའང་ནད་ལ་སྨན་བཅོས་ཇི་ཙམ་བྱས་ཀྱང་རྩ་ལ་འགྱུར་བ་མེད་ན་ངེས་པའི་འཆི་རྩ་ཡིན། གཞན་ཡང་ནད་གཞི་གློ་བུར་དུ་བྱུང་ཞིང་ནད་པ་ཟུངས་བཟང་སྟོབས་ཅན་ལ་རྩ་རྒྱུད་ཞན་བྱིང་ཕྲ་བར་འགྱུར་བ་དང༌། ནད་ཡུན་རིང་ཞིང་ཟུངས་ཟད་ཀྱི་ནད་པ་རྩ་སྟོབས་དྲག་རྒྱས་འདྲིལ་མགྱོག་ཅན་དུ་འགྱུར་པ་དག་ཀྱང་འཆི་རྩར་བཟུང་ཐུབ། གཞན་ཡང་ནད་གཞི་ཚ་བ་ལ་གྲང་བའི་རྩ་དང། ནད་གཞི་གྲང་བ་ལ་ཚ་བའི་རྩའི་མཚན་ཉིད་བྱུང་བ་དེའང་འཆི་བའི་མཚན་མར་བཟུང་ཆོག  དེ་མིན་གློ་ཚད་དང༌། ཤ་དུག་དང༌། མཁྲིས་ཁུ་ཕོ་ཁར་འདྲིལ་བ་དང༌། བད་ཀན་ཕོ་བར་འདྲིལ་བ་རྣམས་ཀྱི་ནད་པ་ལ་ནད་མེད་ཀྱི་རྩ་བྱུང་ན་འཆི་རྩར་བཟུང་ནུས།
            ཚེའི་འཕེན་པ་རྫོགས་པས་ནང་གི་དོན་སྣོད་སོ་སོར་རླུང་ཁྲག་གི་རྒྱུ་བ་ཆད་པས་ཕྱིའི་རྩ་དང༌། དེ་དག་དང་འབྲེལ་བའི་དབང་རྟེན་རྣམས་ལས་རྟགས་འདི་དག་ཟུང་འབྲེལ་དུ་བྱུང་ཚེ་འཆི་རྩར་བཟུང་དགོས་པ་ནི། རྩ་རྒྱུད་ལ་སྙིང་རྩ་མ་ཚང་ཞིང་དབང་པོ་རྣམས་ལས་ལྕེ་གཞུང་སྔར་མེད་ཀྱི་ནག་པོར་གྱུར་པ་དང༌། མིག་འབུར་ཚུག་ཏུ་བལྟ་བ་གཉིས་ཀ་དུས་གཅིག་ཏུ་བྱུང་ན་ཞག་གཅིག་ན་འཆི་བ་དང༌། ལྟ་རྩའི་གློ་རྩ་མ་ཚང་ཞིང་དབང་པོ་རྣམས་ལས་སྣ་ཞུམ་ཞིང་ནང་གི་སྤུ་རྣམས་གྱེན་དུ་ལྡོག་པ་ཚོགས་ན་ཞག་གཉིས་ཙམ་ནས་འཆི་བ་དང༌། དེ་བཞིན་ལྟ་རྩར་མཆིན་རྩ་མི་མངོན་ཞིང་མིག་གྱེན་དུ་ལྡོག་ཏེ་སྨིན་མ་གཙུག་འཁྱིལ་ཞིང་བྱེ་བ་གཉིས་ཀ་མངོན་ན་མཆིན་པའི་བྱེད་ལས་ཐམས་ཅད་ཉམས་པས་ཞག་གསུམ་ཙམ་ནས་འཆི་བ་དང༌། ལྟ་རྩའི་མཆེར་རྩ་མ་ཚང་ཞིང་ཡ་མཆུ་བརྫེས་ཤིང་མ་མཆུ་འཕྱང་སྟེ་ལྷེན་སྣ་ནང་དུ་ལྡེབ་པ་རྣམས་ཚོགས་ན་ཞག་ལྔ་ཙམ་ན་འཆི་བ་དང༌། དེ་བཞིན་ལག་པའི་ལྟ་རྩར་མཁལ་རྩ་མི་མངོན་ཞིང་དབང་པོ་ལྔ་ལས་རྣ་བའི་ཨུཏའི་སྒྲ་ཆད་པ་དང༌། རྣ་གཤོག་རྒྱབ་ཏུ་འབྱར་བ་ལྟར་གྱུར་བ་རྣམས་ཚོགས་ན་མཁལ་མའི་བྱ་བ་བྱེད་པའི་མཐུ་ཟད་པས་ཞག་བརྒྱད་ཙམ་ནས་འཆི་བར་ངོས་འཛིན་བྱེད་ཐུབ། དེ་བཞིན་ཚེའི་རྟེན་དུ་གྱུར་པའི་བླ་གནས་སམ་མ་གནས་མཚོན་པའི་རྩ་ཡལ་ཏེ་ཆད་ན་བླ་ཡལ་བས་དེ་ཡང་རིང་པོར་མི་ཐོགས་པར་འཆི་བར་རྗེས་སུ་དཔག་ནུས།
དྲི་ཆུ་ལས་འཆི་བ་དཔོག་པ།
              ལས་ཀྱིས་བསྐྲུན་པའི་བདེ་སྡུག་གི་ཡུལ་རྣམས་ལ་གནས་སྐབས་ལོངས་སྤྱོད་པའི་ཚེའམ་དུས་དེའང་ལས་ཀྱིས་འཕངས་པ་ཡིན་སྟབས་དེའི་འཕེན་པ་ཟད་པས་འབྱུང་བའི་རང་བཞིན་ནམ་ནད་ཟུང་དྲི་མ་རྣམས་འཁྲུགས་ཏེ་གཅིག་དགྲ་གཅིག་གིས་བྱས་ཏེ་ས་བོན་མེས་བཅོམ་པ་བཞིན་རྒྱས་འགྱུར་གྱི་ཁམས་ཙམ་ཡང་མེད་པར་གྱུར་ཏེ་ལུས་ཀྱིས་རྣམ་ཤེས་ཀྱི་རྟེན་བྱེད་མི་ནུས་པར་དེ་ལས་གཞན་དུ་འཕོ་བའམ་འཆི་བར་འགྱུར་བའི་དྲི་ཆུ་ནི། ཁ་དོག་དམར་ལ་ཁྲག་གམ་མཚལ་འདྲ་བ་དེ་ཡང་རུལ་ཞིང་དྭངས་སྙིགས་བྱེ་སྟེ་ཀོ་རུལ་གྱི་དྲི་མནམ་པ། ཀུ་ཡ་སངས་ནས་མེད་པ་གང་ཞིག་ཁ་དོག་མི་འགྱུར་བ་དང༌། སྨན་དཔྱད་རིམ་གྲོ་གང་བྱས་ཀྱང་ཆུའི་གནས་བབ་ལ་འགྱུར་བ་མེད་ན་ཚ་བའི་འཆི་ཆུར་བཟུང་ཆོག ཆུ་མདོག་སྔོ་ཞིང་ཆུ་དང་འདྲ་ལ་དྲི་དང་བྲོ་བ་རླངས་པ་སོགས་གང་ཡང་མེད་པ་གང་ཞིག་སྨན་དཔྱད་ཀྱིས་བཅོས་ཀྱང་ཆུ་ལ་འགྱུར་ལྡོག་མེད་པ་ནི་གྲང་བའི་འཆི་ཆུ་དང༌། དེ་བཞིན་ཤ་ཁུ་རུལ་བ་ལྟ་བུའི་མདོག་དང་གར་སླ་མཚུངས་ཤིང་དེ་ཡང་ཁུ་ཚིགས་སོ་སོར་བྱེ་བ་ནི་རླུང་ནད་ཀྱི་འཆི་ཆུ་དང༌། གཞན་ཡང་ཁ་དོག་སེར་ནག་དེ་ཡང་རུལ་ཞིང་དྭངས་སྙིགས་བྱེ་བ་མཁྲིས་པའི་ནད་ཀྱི་འཆི་ཆུ་དང༌། ཁ་དོག་དཀར་ཤས་ཆེ་ཞིང་འོ་མ་རུལ་བ་ལྟར་སྣང་བ་ནི་བད་ཀན་གྱི་འཆི་བའི་ཆུ་དང༌། ནག་པོ་སྣག་ཚ་རུལ་བ་ལྟར་དྭངས་སྙིགས་བྱེ་བ་ནི་དུག་གི་འཆི་ཆུར་གཏན་འབེབས་བྱེད་ཆོག གཞན་ཡང་རླུང་ནད་ཅན་གྱི་ཆུ་ལ་མེ་འོད་ཅན་གྱི་སྤྲིས་མ་བྱུང་བ་དང༌། བད་ཀན་ཅན་གྱི་ནད་ལ་དྲི་ཆུ་ཁྲག་ལྟར་དམར་བ་བྱུང་བ། ཁྲག་ནད་ཅན་ལ་ནག་པོ་སྣག་ཚ་འདྲ་བ་དང༌། དམུ་ཆུའི་ནད་གཞི་ཅན་ལ་སྲན་ཁུ་ལྟར་ཁུ་ཚིགས་འདྲེས་པ་ལྟ་བུ་གྱུར་བ་སོགས་ནད་དེ་དག་ལ་སོ་སོར་བྱུང་ན་འཆི་བར་ངོས་འཛིན་བྱེད་ཆོག
རང་གིས་རང་འཆི་བ་དཔོག་ཚུལ།
             སྤྱིར་མི་རྣམས་ནམ་ཞིག་ན་རང་ཡང་འཆི་བར་འགྱུར་སྙམ་པ་ཞིག་བློ་ཕུག་ཏུ་སྣང་ཡང་ཚེ་འདིའི་རྣམ་གཡེང་འདུ་འཛིས་རྦ་རླབས་འཁྲུག་པོའི་དབུས་སུ་ཚུད་པས་ཕྱིའི་སྣོད་བཅུད་རྣམས་ཀྱིས་འཆི་བའི་བརྡ་ལན་ཇི་ཙམ་སྐྱེལ་ཀྱང་རྟག་འཛིན་གྱིས་སླུས་ནས་ཐམས་ཅད་དང་དུ་མ་བླངས་པར་འཇོག་རྐྱང་བྱས་པས་འཆི་བ་གློ་བུར་བྱུང་བ་ལྟ་བུ་ཞིག་སྣང་ཡང་དེ་ལྟར་མིན་པར་ཅུང་ཟད་བློ་བག་ཕབ་ནས་ལྟས་ན་འཆི་བས་མཚོན་པའི་ཤིས་དང་མི་ཤིས་ཀྱི་འབྲས་བུ་གང་འབྱུང་བའི་སྔ་རོལ་དུ་དེའི་མཚན་བའམ་ལྟས་ཀྱི་མེ་ཏོག་འཆར་བ་ནི་ཆོས་ཉིད་ཀྱི་རིགས་པ་ཡིན།
རྣམ་འགྱུར།
             དེ་ལས་འཆི་བ་འོང་བའི་རྟགས་ཅུང་ཟད་ཙམ་འགོད་ན། རང་གི་སྔར་གྱི་སྐྱོན་ཡོན་གྱི་རྣམ་པ་གཞན་དུ་འགྱུར་ཏེ་སྔར་སེར་སྣ་ཅན་ཞིག་ཡིན་ནའང་གློ་བུར་གཏོང་ཕོད་ཅན་དུ་གྱུར་བ་དང༌། རྒྱུན་ལྡན་ཁོང་ཁྲོ་ཅན་ཞིག་ཡིན་ནའང་ད་ནི་ཞི་དུལ་ཅན་དུ་གྱུར་པ་དང༌། སྔར་བརྗེད་ངེས་ངན་ཅན་ཡིན་ནའང་ད་ནི་བློར་ཐམས་ཅད་གསལ་བ་སོགས་དང༌། དེ་བཞིན་སྔར་གཏོང་ཕོད་ཅན་སེར་སྣ་ཅན་དུ་འགྱུར་བ་སོགས་དེ་ལས་ལྡོག་པ་དང༌། བླ་མ་དང༌། ཕ་མ། སྨན་པ། གྲོགས་སོགས་རང་ལ་བཀའ་དྲིན་ཅན་རྣམས་ལ་སྡང་སེམས་འཆང་བ་དང༌། དེ་དག་འབྱུང་བའི་རྒྱུ་མེད་ཀྱང་སྔར་ལས་མཛེས་པ་དང༌། བློ་བུར་དུ་དཔལ་འབྱོར་རྒྱས་པ་དང༌། མཁས་པའི་གྲགས་པ་ཐོབ་པ་དང༌། དེ་བཞིན་དུ་སྔོན་མཛེས་སྡུག་ཅན་ཡིན་ཡང་ནད་ཀྱི་མནར་བ་སོགས་ཀྱི་རྒྱུ་གཞན་མེད་པར་མདོག་མི་སྡུག་པར་གྱུར་པ་དང༌། དེ་བཞིན་འབྱོར་བ་ཅན་རྒུད་པ་དང༌། མཁས་པ་བླུན་རྨོངས་སུ་གྱུར་པ་སོགས་ཀྱིས་འཆི་བ་འབྱུང་བ་སྟོན་པ་ཡིན། ཤིག་སྲོ་མང་དུ་འདུ་བའམ། སྔར་ཤིག་སྲོ་ཅན་ཡིན་ཡང་དེས་སྤང་བར་གྱུར་བ་དང༌། རྟག་ཏུ་བློ་སེམས་མི་བདེ་ཞིང་མདངས་ཉམས་པ་དང༌། ཟས་ཟོས་ཀྱང་སྟོབས་མདངས་མི་འཕེལ་བ་དང༌། ལུས་ལ་སྔར་མེད་ཀྱི་དྲི་བྲོ་བ་སོགས་ནི་སྤྱིར་འཆི་བའི་རྟགས་དང༌། ལྷག་པར་དུག་དང་མཚོན་ལ་སོགས་པ་མ་ཕོགས་ཀྱང་ཁ་སྣ་རྣ་བ་རྐུབ་སོགས་བུ་ག་རྣམས་ནས་ཁྲག་འཛག་པ་དང༌། དོན་གང་ཡང་སྨྲས་མ་ཐག་ཏུ་བརྗེད་པ་དང༌། ལུད་པ་དང་སྦྲིད་པ་སོགས་ཀྱི་ཚེ་སྔོན་མི་འབྱུང་བའི་སྒྲ་འབྱུང་བ་དང༌། དབང་པོ་ལྔའི་ཡུལ་རྣམས་རྒྱུ་རྐྱེན་གཞན་མེད་པར་རྣམ་པར་འགྱུར་ཏེ་ཡོད་མེད་དང་རིང་ཐུང་སོགས་གོ་ལྡོག་ཏུ་སྣང་བ་དང༌། མིག་བཙིར་བའི་འོད་སྒོར་ཉམས་ཤིང་མིག་འཛུམ་མི་ཤེས་པ་ཧར་རེར་གནས་པ་དང༌། མིག་ཁུང་དུ་བྲོས་ཤིང་རྒྱལ་མོ་བདལ་ཅིང་མིག་གི་མདངས་ཉམས་པ་དང༌། རྣ་བའི་ཨུཏྟ་ཆད་པ་དང༌། རང་གི་གྲིབ་གཟུགས་ཀྱི་མགོ་བོར་རླང་པ་མེད་པ་དང༌། སྣ་བུག་གདངས་ཤིང་བ་སྐྱ་ཆག་པ་དང༌། ལྕེ་གཞུང་སྔར་མེད་ནག་གམ་སྐམ་ཞིང་ཐུང་ངུར་གྱུར་ཏེ་སྨྲ་མི་ཤེས་པ་དང༌། ཡ་མཆུ་བརྫེས་ལ་མ་མཆུ་འཕྱང་བ་དང༌། གདོང་དང་སྐྲ་ལ་ཐལ་རྡུལ་ཆགས་པ་དང༌།  ཕུས་བཏབ་དྲོ་ལ་ཧས་བཏབ་གྲང་བ་སོགས་ཀྱིས་ནི་རང་གིས་རང་འཆི་བ་ཚོར་བ་ཡིན།
རྨི་ལམ།
             རྨི་ལམ་ནི་བདེན་པར་མ་གྲུབ་པའི་ཚད་དུ་བཟུང་ཡང་རེས་འགའ་འབྲས་བུ་འབྱིན་པར་ནུས་ཏེ། དེ་ཡང་འགྲོ་བ་མིའི་ཚེ་སྲོག་དང་འབྲེལ་བའི་ལྷན་ཅིག་སྐྱེས་པའི་ལྷ་དང༌། མཉམ་པོར་འོང་བའི་བདུད་ཅེས་མ་དག་པའི་རྩ་ཐིག་རླུང་གསུམ་ལས་ཕྱི་རོལ་ཏུ་ཕན་པའི་ལྷ་དང་གནོད་པའི་གདོན་བགེགས་སྣ་ཚོགས་སུ་ཤར་བ་ལས། འབྱུང་འགྱུར་འགའ་རེ་དང་པོ་ལྷས་ཚོར་བ་སྟེ་དེས་དངོས་སུ་མྱོང་བ་དང༌། བར་དུ་ཡིད་ཀྱི་མྱོང་བ་རྣམས་དེ་ཚོ་རང་ལ་རྨི་ལམ་གྱི་ཚུལ་དུ་འཆར་བས་འགའ་ཞིག་གི་འབྲས་བུ་གདོན་མི་ཟ་བར་འབྱིན་པ་ཡོད་པར་བརྟེན་དྲན་ཤེས་ཀྱི་ཟིན་ན་འཆི་བ་སོགས་ལྐོག་གྱུར་གྱི་གནས་དུ་མ་ཞིག་རྗེས་སུ་དཔག་ཐུབ། དེ་ཡང་རྨི་ལམ་དུ་གཅེར་བུར་རོ་དང་མ་ཧེ་དང་སྤྲེའུ་སོགས་ལ་ཞོན་ནས་ལྷོར་འགྲོ་བ་དང༌། སྤྱི་བོར་ཤིང་ཚེར་མ་ཅན་ནམ་ལྕུག་མ་སྐྱེ་བ་རྨི་བ་དང༌། ཡང་ན་མགོར་བྱ་ཚང་བཅས་པ་དང༌། སྙིང་གར་པད་མ་སྐྱེས་པ་དང༌། གཅོང་རོངས་སུ་ལྷུང་བ་དང༌། ཆུ་དང་འདམ་ལ་བྱིང་བ་དང༌། ཉ་དང་ཆུ་སྲིན་སོགས་ཀྱིས་མིད་པ་དང༌། བྱ་རོག་དང༌། ཡི་དྭགས་དང་ཤ་ཟ་སོགས་ཀྱིས་བསྐོར་ནས་གཙེས་པ་དང༌། སྐྲ་དང་ཁ་སྤུ་འབྲེག་པ་དང༌། མངལ་དུ་འཇུག་པ་དང༌། རང་གི་པགས་པ་བཤུས་པ་དང༌། རྐང་མར་ལྷུང་བ་དང༌། བག་མ་ལེན་པ་དང༌། བུ་ལོན་འདེད་པ་དང༌། མཚོན་ཆ་བརྙེད་པ་དང༌། གཅེར་བུར་ཕྱུང་བ་རྣམས་ལན་གཅིག་མིན་པར་ཡང་ཡང་རྨི་བ་དང༌།
            དེ་བཞིན་ནད་ལ་སྨན་བཅོས་དང་གདོན་ལ་རིམ་གྲོ་སོགས་བྱས་ཀྱང་རྨི་ལམ་ལ་འགྱུར་ལྡོག་མེད་པ་རྣམས་ནི་ཕལ་ཆེར་འཆི་ལྟས་སུ་བཤད་ཡོད། དེ་ཡང་རྨི་ལམ་དང་རྣམ་འགྱུར་སོགས་ཀྱི་འཆི་ལྟས་རྣམས་སྨན་བཅོས་དང་རིམ་གྲོས་མི་འགྱུར་བར་ལྟས་བརྟན་པར་འགྱུར་ན་ངེས་པའི་འཆི་ལྟས་སུ་བཟུང་རུང་ཡང་རྨི་ལམ་ལྟ་བུ་ལན་འགའ་ཙམ་མམ་སྨན་བཅོས་དང་རིམ་གྲོས་ནད་གཞི་ལ་ཕན་བསྐྱེད་བྱུང་རིམ་བཞིན་ལྟས་རྣམས་ཀྱང་འགྱུར་ན་འཆི་ལྟས་ལྟར་སྣང་ཡིན་པའི་དབྱེ་བ་འབྱེད་དགོས་པ་གནད་ཆེན་པོ་ཡིན།
འཆི་བ་པོས་འཆི་བ་ཇི་ལྟར་མྱོང་ཚུལ།
             སྤྱིར་མི་རྣམས་ཤི་ཟིན་གྱི་བར་དུ་ད་རེས་མི་འཆི་དེ་རིང་མི་འཆི་སྙམས་པའི་རྟག་འཛིན་དེས་མགོ་འཁོར་བ་ལྟ་བུ་ཞིག་སྣང་རུང༌། ཕལ་ཆེ་བས་གོང་གསལ་གྱི་རྟགས་དང༌། གཞན་ཡང་སྨན་པ་དང་མཛའ་བཤེས་སོགས་ཀྱི་བྱེད་སྟངས་དང་རྣམ་འགྱུར་ཀྱང་སྔར་དང་མི་མཚུངས་པས་ད་ནི་མི་འཚོ་བར་ཤེས་པས་སེམས་སུ་ད་བཟོད་ང་དང་ང་ཞེས་སུ་ལས་ཀྱང་རྨད་དུ་བྱུང་བ་དེ་གནས་སྐབས་ཇི་འགྱུར་གྱི་རེ་དོགས་དང༌། དེ་ཡང་གང་གིས་བྱེད་པ་ལ་ལྟོས་ནས་གསོན་པའི་དོན་སྣོད་གང་རུང་ངམ་འགའ་ཞིག་གི་གནད་ནད་དང་མཚོན་དང་དུག་སོགས་གང་ཡང་རུང་བས་མནར་ཞིང་ཉམས་པར་བྱས་པའམ་བཅད་པས་ལུས་ལ་ཟུག་གཟེར་གྱི་ཚོར་བ་བཟོད་དཀའ་བ་དང༌། ལུས་ཀྱི་འབྱུང་བ་འཁྲུགས་པས་འཁྲུལ་སྣང་དང་འཇིགས་སྐྲག་ལུ་གུ་བརྒྱུད་དུ་འབྱུང་བས་འགའ་ཞིག་ལ་མ་གཏོགས་སེམས་རྣལ་དུ་ཕེབས་པ་ཞིག་མི་ཡོང༌། དེ་ཡང་གློ་བུར་དུ་མཚོན་དང་དུག་གིས་བཀུམ་པ་ཕུད་དེ་མིན་སྤྱིར་སྟངས་ཀྱི་འཆི་བ་ནི་ལུས་ཀྱི་འབྱུང་ཁམས་ཀྱི་ནུས་པ་རྣམས་རིམ་པས་ཉམས་ནས་མཐར་གཏན་མེད་དུ་སོང་བ་ན་རག་པའི་འཆི་བ་ཡིན།
            དེ་འདྲའི་འབྱུང་བ་རྣམས་རིམ་བཞིན་ཐིམ་པའམ་ནུས་མེད་དུ་འགྱུར་བའི་བརྒྱུད་རིམ་ནང་ཕྱི་རྟགས་དང་ནང་རྟགས་གཉིས་རེ་འཆར་བ་ནི། ས་ཆུ་ལ་ཐིམ་པའི་ཕྱི་རྟགས་སུ་ལུས་ཀྱི་སྟོབས་ཤོར། འགུལ་མི་ནུས་ཤིང་ལྷོད་ལྷོད་པོར་གྱུར་ཏེ་མིག་གི་མཐོང་ཤུགས་ཉམས་པའམ་མི་མཐོང༌། ལག་པ་གཡོབ་པ་དང་མཐུར་དུ་བྱིང་ཉམས་བྱེད་ཅིང་གྲོགས་དང་ནད་གཡོག་ལ་ཡར་འཐེན་པའི་རེ་བ་བྱེད། ནང་རྟགས་སུ་སྨིག་སྒྱུའམ་ཆུ་སྔོ་མེར་མེར་གྱི་སྣང་བ་འཆར། ཆུ་མེ་ལ་ཐིམ་པའི་ཕྱི་རྟགས་སུ་ཁ་དང་སྣ་བུག་གི་ཆུ་སྐམ་ཏེ་མ་མཆུ་ཐུར་དུ་འཕྱང་ཞིང་ཡ་མཆུ་བརྫེས་ནས་སོ་ངོམ་པ་ལྟར་གྱུར་ཏེ་ལྕེ་སྐམ་ཤིང་ཐུང་ངུར་གྱུར་ནས་སྨྲ་མི་ཤེས་པ་དང་རྣ་བའི་ཐོས་ཤུགས་ཉམས། ནང་རྟགས་སུ་ཁྱིམ་དུ་དུ་བ་སྔོ་སང་སང་གིས་ཁེངས་པའི་ཚོར་བ་འབྱུང༌། མེ་ཁམས་ཀྱི་ནུས་པ་རླུང་ལ་ཐིམ་པ་ན་ཕྱི་རྟགས་སུ་ལུས་ཀྱི་དྲོད་ཆུང་དུ་འགྲོ་ཞིང་མཐའ་ནས་རིམ་པར་བསྡུས་ཏེ་སྙིང་གར་འདུ་བ་དང༌། དྲི་དང༌། རོ་མི་ཚོར། དབུགས་བརྩེག་ཅིང༌། གྲེ་བ་ནས་ངར་ངར་སོར་སོར་གྱི་སྒྲ་འབྱིན་ཅིང༌། ནང་དུ་རྩུབ་པར་བསྡུ་བའམ་བསྡུ་དཀའ་བར་འགྱུར། ནང་རྟགས་སུ་སྲིན་འབུ་མེ་ཁྱེར་དུ་མ་ནམ་གུང་དུ་འཕུར་བའམ་མེ་སྟག་དམར་ཚུབ་ཚུབ་འཕྲོ་བའི་སྣང་བ་འཆར་བ་ཡིན།
            དེ་ཡང་རླུང་ཁམས་རྣམ་ཤེས་ལ་ཐིམ་པའི་མགོ་རྩམ་པ་ན་ཕྱི་རྟགས་དབུགས་ཀྱི་རྒྱུ་བ་ཇི་བྲེལ་དུ་གྱུར་ཏེ་ནང་དུ་བསྡུ་དཀའ་དཀའ་ངང་ཕྱི་རོལ་ཏུ་དབུགས་རིང་པོ་ཞིག་གཏོང་བ་ནང་དུ་བསྡུ་མ་ཐུབ་པར་རྒྱུ་བ་འཆད་པར་འགྱུར་ལ། དེའི་ནང་རྟགས་སུ་ཕྱིའི་གཟུང་རྣམ་ནང་འཛིན་པ་སེམས་ལས་རྒྱངས་ཆད་པ་ལྟར་གཉིས་སྣང་གི་རྣམ་རྟོག་རགས་པ་གཞན་ཐམས་ཅད་ཐིམ་ཞིང་རླུང་གིས་མ་བསྐྱོད་པའི་མར་མེ་ཏ་ལ་ལ་འབར་བའི་སྣང་བ་འཆར་བར་འགྱུར་བ་ཡིན།
            དེ་ཡང་ས་ཆུ་ལ་ཐིམ་པ་སོགས་ཀྱི་དོན་ནི་འབྱུང་བ་སྔྔ་མས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཉམས་ནས་ཕྱི་མའི་ནུས་པ་གསལ་དུ་སོང་བ་ལ་ཐིམ་པའི་ཐ་སྙད་བྱས་པ་ལ་དངོས་སུ་ཐིམ་རྒྱུ་མེད་དོ།། དེ་ནས་རླུང་ཁམས་གང་དུ་ཐིམ་པའི་རྣམ་ཤེས་དེ་ལའང་སྣང་བ་དང༌། མཆེད་པ་ཐོབ་པ། ཉེར་ཐོབ་དང༌། ཐམས་ཅད་སྟོང་པ་མ་ཡི་འོད་གསལ་ཏེ་བཞིར་ཐ་སྙད་བྱས་ཏེ་འཆི་བ་འོད་གསལ་རིམ་པས་ཕྲ་ཞིང་ཟབ་ཏུ་འགྲོ་བ་ཡིན་ཏེ། དེའང་རླུང་ཁམས་རྣམ་ཤེས་ལ་རྫོགས་པར་ཐིམ་པའི་སྐབས་དེར་སྣང་བ་ཞེས་བྱ་ཞིང༌། དེའི་ཚེ་སྟོན་གནམ་གཡའ་དག་པ་ལ་ཟླ་འོད་ཤིན་ཏུ་དྭང་བས་བར་མཚམས་མེད་པ་ཁྱབ་པ་ལྟ་བུའི་དཀར་ལམ་མེ་བའི་སྣང་བ་འཆར།
སྣང་བ་མཆེད་པ་ལ་ཐིམ་པས་མཆེད་པ་རང་དུས་སུ་ནམ་མཁའ་རྡུལ་གཡའ་དང་བྲལ་བར་ཉི་འོད་ཀྱིས་ཁྱབ་པ་འདྲ་བའི་དམར་ལམ་མེ་བ་འཆར།
         མཆེད་པ་ཉེར་ཐོབ་ལ་ཐིམ་པས་ཉེར་ཐོབ་ཀྱི་སྟོད་ན་སྟོན་གནམ་གཡའ་དག་པ་ལ་མུན་ནག་འཐུག་པོས་ཁྱབ་པ་ལྟ་བུའི་ནག་མེར་རེ་བ་དང༌། ཉེར་ཐོབ་ཀྱི་སྨད་ཙམ་ན་དྲན་མེད་དུ་ནག་ཐོམ་མེར་བརྒྱལ་བ་ལྟར་འགྱུར་བ་ཡིན།
ཉེར་ཐོབ་ཀྱི་སྨད་ཆའི་དྲན་མེད་སངས་ནས་ཐམས་ཅད་སྟོང་པ་མ་ཡི་འོད་གསལ་ཤར་བ་ལ་ཉེར་ཐོབ་ཐམས་ཅད་སྟོང་པ་ལ་ཐིམ་པའི་ཐ་སྙད་བྱས་པ་ཡིན་པས་དེའི་ཚེ་ན་འོད་གསལ་ཇི་བཞིན་འཆར་བ་ལ་སྒྲིབ་པའི་ཀུན་རྟོགས་ཀྱི་སྤྲོས་པ་ཕྲ་རགས་ཐམས་ཅད་ལྷག་མེད་དུ་ཞི་ནས་ཟླ་འོད་ཉི་འོད་སྲོད་ཀྱི་མུན་ནག་སྟེ་ནམ་མཁའི་རང་མདང་མཐོང་བ་ལ་སྒྲིབ་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་སྟོན་དུས་ཀྱི་ཐོ་རངས་ནམ་མཁའ་གཡའ་དག་པ་ལྟ་བུའི་ཉམས་འཆར་བ་དེ་ལ་འཆི་བ་འོད་གསལ་ལམ་གཞི་ཡི་འོད་གསལ། མ་ཡི་འོད་གསལ་སོགས་ཀྱི་ཐ་སྙད་བྱེད་པ་ཡིན། འདི་ལྟ་བུའི་འོད་གསལ་ལས་གཡོ་བྱེད་ཀྱི་རྐྱེན་གང་ཡང་མ་བྱུང་བའི་བར་ནི་འཆི་རིམ་ཇི་ལྟར་མྱོང་བའི་ཚུལ་ཡིན་ཅིང༌། དེ་ཙམ་ནི་མངལ་སྐྱེས་ཁམས་དྲུག་ལྡན་གྱི་གང་ཟག་ཐམས་ཅད་ལ་ཐ་མལ་གྱི་འཆི་རིམ་མྱོང་ཚུལ་མདོར་བསྡུས་ཡིན་ཅིང༌། དེ་དག་ལམ་དུ་ཇི་ལྟར་བསྒྱུར་ཚུལ་དང༌། དེ་ལས་བར་དོ་འཆར་ཚུལ་སོགས་མཐའ་ཡས་ཤིང་འགང་ཆེ་བའི་ཤེས་བྱ་ཇི་སྙེད་ཅིག་འཆིས་པ་རྣམས་ནི་དེང་སང་གི་མིས་བྱིས་སྒྲུང་ཐུང་ངུ་ཙམ་གྱི་རིན་ཐང་ཙམ་ཡང་མི་བརྩི་བས་རེ་ཞིག་འདི་ཙམ་ལ་ཆོག་ཤེས་བསྟེན་རྒྱུ་ཡིན།། །།
སྨྲས་པ།
འཆི་བདག་ཁ་རུ་འགམ་པའི་གྲོ་ཡོས་བཞིན།།
འཆི་ལས་འདའ་བའི་གནས་སྐབས་མེད་ནའང༌།།
འཆི་བར་མི་དྲན་ཚེ་འདིའི་འཁྲུལ་སྣང་གིས།།
འཆི་ལ་ཐུག་བར་སླུས་པ་ཀྱེ་མ་ཧུད།།
           
ཤི་ཡང་མི་འགྱོད་ཚེ་འདིའི་ཟོན་བྱེད་ཀྱང༌།།
ཤི་ནས་ཡོད་ངེས་དགེ་སྡིག་འབྲས་བུ་རྣམས།།
ཤི་རྗེས་གང་ཡང་མེད་པར་རེ་ན་འང༌།།
ཤི་ལ་འཚེར་འདིས་ཡོད་པར་བསྟན་མིན་ནམ།།

འགའ་ཞིག་དབང་དང་འབྱོར་བས་རབ་དྲེགས་ནས།།
བཟང་ངན་བླང་དོར་ལོག་སྤྱོད་འགྲོ་ལ་འཚེ།།
རང་བདེའི་ཆེད་དུ་ཡོད་ཚད་འདོར་ཕོད་པ།།
དེ་ལའང་འཆི་བ་འོང་འདི་དྲང་ཚུགས་བརྟན།།

འཆི་བདག་གཤིན་རྗེའི་རྒྱལ་པོ་ད་དུང་ཡང༌།།
ཡང་ཡང་གཟུ་བོར་གནས་མཛོད་གཞན་དུ་ན།།
ན་རྒ་འཆི་བ་གཞན་གྱིས་མྱོང་ཐབས་ལ།།
ལ་འུར་བརྩོན་པའི་གཡོ་ཅན་འདི་ན་མང༌།།

ཚུལ་འདི་རྗེས་དཔག་ཡིད་ཆེས་ཚད་མ་ལ།།
ལྟོས་མིན་མངོན་སུམ་གསལ་བར་མཐོང་བ་ཡང༌།   
རྟག་འཛིན་ལ་རེ་ད་དུང་ཕྱོགས་དེ་ཉིད།།
མི་མཐོང་ཁྱོད་ནི་ཅེ་རེ་ལོང་པར་ངེས།།

འདི་ཡིས་ཡིད་ཅན་འཆི་བའི་ངང་ཚུལ་གཟུགས།།
མཐོང་བའི་བློ་མིག་ཅུང་ཟད་ཐོབ་པ་དང༌།།
ཤི་བའི་རྗེས་ཀྱི་གནས་ལ་རྣམ་དཔྱོད་པའི།།
ཡིད་ནི་ཕྱུགས་ལས་ལྷག་པར་གྱུར་ཅིག་གུ།།

བོད་ཀྱི་གསོ་བ་རིག་པ་ལས་བཤད་པའི་འཆི་བའི་རྣམ་པ་ཅུང་ཟད་བཤད་པ་འདི་ནི་རྒྱ་གར་གྱི་མཁས་དབང་སྭ་ར་སྭ་སྟེ་མཆོག་ནས་ཆོས་ལུགས་དང་གསོ་ཐབས་སྣ་ཚོགས་ཀྱི་གྲུབ་མཐའ་འཆང་བ་དུ་མ་ལྷན་དུ་རང་རང་གི་གྲུབ་མཐའ་ལས་འཆི་བར་བལྟ་ཚུལ་བསྲོང་ནས་བགྲོ་གླེང་གི་ཚོགས་འདུ་ཞིག་གཉེར་བའི་ཐོག་ཏུ་བཤད་གཞིར་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་བ་རིག་པའི་སྡེ་ཚན་གྱི་སློབ་དཔོན་བློ་བཟང་བསྟན་འཛིན་གྱིས་བགྱིས་པའི་ཡི་གེ་བ་ནི་རང་སློབ་ཚེ་རིང་སྟོབས་རྒྱལ་ལོ།།

   དཔྱད་རྩོམ་འདི་དེང་དུས་དང་སྲོལ་རྒྱུན་གྱི་རྣམ་པའི་ཐོག་འཆི་བའི་སྐོར་གླེང་བ། ཞེས་པའི་མཁས་པའི་མགྲོན་གླེང་ཚོགས་ཆེན་ཐོག་སྤེལ་གནང་མཛད། དཔྱད་རྩོམ་འདི་དབྱིན་སྐད་ནང་གཟིགས་འདོད་ཚེ་(the voice of death ) ISBN 812460274-3 Edited by Baidyanath Saraswati ཞེས་པའི་དཔེ་དེབ་ཐོག་ནས་གཟིགས་ན་འགྲིགས། གང་མྱུར་དྲྭ་ལམ་འདི་ཐོག་ཏུ་དབྱིན་སྐད་ཀྱི་མ་ཡིག་ཀྱང་མྱུར་བཀོད་བྱ་ངེས་ཡིན། 

No comments: