Search This Blog

Friday 15 April 2011

5 གཉན་རིམས་ཀྱི་སྐོར་ཅུང་ཟད་བཤད་པ་ཇོ་མོའི་ཞལ་ཆབ།


ཁོ་བོའི་དཔྱད་རྩོམ་ནི་ནད་ཐོག་རིག་པའི་ཁོངས་གཉན་རིམས་ཀྱི་སྐོར་ཡིན། སྤྱིར་གཉན་རིམས་ནི་ཆེས་སྔ་མོའི་རྒྱ་བོད་ཀྱི་གསོ་རིག་གི་གཞུང་རྣམས་ནས་དངོས་སུ་བསྟན་པ་མེད་ཅིང༌། དུས་རབས་བརྒྱད་པར་ཆོས་རྒྱལ་ཁྲི་སྲོང་དང་ཇོ་མོ་མཚོ་རྒྱལ་གྱིས་སློབ་དཔོན་རིན་པོ་ཆེར་འབྱུང་འགྱུར་གྱི་བདེ་སྡུག་རྣམས་ལུང་བསྟན་ཞུས་པར། དུས་ངན་ལྔ་བདོར་སྔ་ན་མ་གྲགས་པའི་ནད་རིགས་སྣ་ཚོགས་འབྱུང་བར་གསུངས་པ་རྣམས་ཀྱི་ཆེད་དུ་དེའི་བཅོས་ཐབས་གསུངས་པར་གསོལ་བ་བཏབ་པ་བཞིན་བདུད་རྩི་བུམ་པའི་རྩ་བཤད་ཀྱི་རྒྱུད་རྣམས་གསུངས་པ་ཇོ་མོས་ཡི་གེར་བཏབ་སྟེ་གཏེར་དུ་སྦས་པ་ཕྱིས་རིམ་པར་ལས་ཅན་གཏེར་སྟོན་འགས་གཏེར་ནས་གདན་དྲང་ཏེ། བོད་ཀྱི་ལྷ་རྗེ་སྔ་མ་རྣམས་ཀྱི་ནད་བཅོས་ལག་ལེན་ཁྲོད་དུ་དར་ཁྱབ་གང་ཆེ་ཡོད་པ་དེའི་སྐོར་ཡིན།
ཨོཾ། བླ་མ་ཡི་དམ་ཇོ་བོ་དཀོན་མཆོག་མཚོ་བྱེད་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ༔
        ཚོགས་གཉིས་རྒྱ་མཚོ་སྲུབ་པ་ལས་ཐོན་པའི།།
        སྐུ་གསུམ་འཆི་མེད་བུམ་པ་ཐོབ་པ་ཡིས།།
        རྣམ་བཞིའི་ཕྲིན་ལས་བདུད་རྩིས་མཐའ་ཡས་འགྲོའི།།           
        དུག་ལྔའི་ཚ་གདུང་བཅིལ་མཛད་གང་དེར་འདུད།།
       
        མཚོ་སྐྱེས་རྡོ་རྗེའི་ཞལ་ཆབ་བདུད་རྩིའི་རྒྱུན།།
        ཇོ་མོའི་ཐུགས་ཀྱི་བུམ་པར་བསྐྱིལ་བ་ལས།།
        བརྒྱུད་ལྡན་བླ་མས་གཅུས་པ་ཨ་མྲྀ་ཏའི།།
        ཟེགས་མ་འགའ་ཞིག་འདི་ན་འཐོར་ལ་སྤྲོ།།
གླེང་གཞི།
དེ་ལ་གསོ་བ་རིག་པའམ་ཚེའི་རིག་བྱེད་ནི་བོད་དུ་ཤེས་བྱ་ཐམས་ཅད་རིག་གནས་ལྔར་བསྡུས་པའི་ནང་ནས་གསོ་བ་རིག་པ་དང༌། དེ་དག་ཐམས་ཅད་ཚར་གཅོད་རྗེས་འཛིན་རང་ཉིད་ཀུན་ཤེས་བྱ་བ་དང་གསུམ་དུ་བསྡུ་ན་དངོས་སུ་གཞན་རྗེས་སུ་འཛིན་ཅིང་ཤུགས་ལ་རང་ཉིད་ཀུན་མཁྱེན་གྱི་གོ་འཕང་སྟེར་བའི་རྨད་དུ་བྱུང་བའི་རིག་གནས་ཤིག་ཡིན། འགྲོ་བ་སུ་ཡིན་རུང་ན་བ་དང་འཆི་བ་དང་དུ་ལེན་ཅིང་དེ་ལ་དགའ་བར་བྱེད་པ་ནི་སུ་ཡང་མེད་པ་མ་ཟད། ནད་མེད་ཅིང་ཚེ་རིང་བ་དང་ལུས་སེམས་བདེ་བར་གནས་པ་ལ་མི་དགའ་ཞིང་མི་འདོད་པ་ནི་གཅིག་ཀྱང་མེད། དེར་བརྟེན་རིག་གནས་འདི་ནི་ཆོས་ལུགས་ཀྱི་གྲུབ་མཐའ་དང༌། སྲིད་དོན་གྱི་ལྟ་བ་དང༌། མི་རིགས་ཀྱི་ཁྱད་པར་སོགས་ཅིའང་མེད་པར་འགྲོ་བ་ཀུན་གྱིས་བརྩི་བཀུར་དང་མཐོང་ཆེན་ཐོབ་ཅིང༌། དོན་དངོས་སུ་ལུས་ཅན་ཡོངས་ལ་ཕུལ་དུ་བྱུང་བའི་བདེ་བ་དངོས་སུ་བསྐྲུན་ཐུབ་པའི་རིག་པ་ཞིག་ཡིན།
འཛམ་གླིང་ཧྲིལ་པོ་འདིའི་སྟེང་དུ་འཚོ་བའི་འགྲོ་བ་མི་རིགས་མི་འདྲ་བ་དང༌། དེ་ཉིད་གནས་སའི་རང་བྱུང་གི་སྤྱི་ཚོགས་ཀྱི་འཁོར་ཡུག་གི་ཁྱད་ཆོས་མི་འདྲ་བ་ལ་བརྟེན་པའི་གསོ་བ་རིག་པའང་སྣ་ཚོགས་པ་ཞིག་ཡོད། དེ་དག་གསར་གཏོད་དང་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་གྱི་དབང་དུ་བྱས་ན་དེང་དུས་ཀྱི་གསོ་བ་རིག་པ་དང༌། སྲོལ་རྒྱུན་གྱི་གསོ་བ་རིག་པ་གཉིས་སུ་དབྱེ་ཆོག དེ་གཉིས་ཀའི་དམིགས་ཡུལ་དང་སྒྲུབ་བྱ་ནི་གཅིག་ཁོ་ན་སྟེ་འགྲོ་བའི་ཚེ་ལ་གནོད་པའི་ནད་རིགས་རྣམས་བསལ་ནས་ནད་མེད་བདེ་བར་འཚོ་བའི་ངང་གནས་སྐབས་དང་མཐར་ཐུག་གི་རང་གཞན་གྱི་དོན་གཉིས་སྒྲུབ་པའི་གྲོགས་དམ་པར་བསྐྲུན་རྒྱུ་དེ་ཡིན།
དེ་ལ་སྲོལ་རྒྱུན་གྱི་གསོ་བ་རིག་པ་ཞེས་པ་ནི་འབྱུང་ཁུངས་ཡང་དག་ལས་བྱུང་ཞིང༌། བརྒྱུད་པ་བར་མ་ཆད་དུ་གནས་པ། རིག་པ་ཡང་དག་ལ་བརྟེན་པ་སྟེ་ཚད་མ་གསུམ་ལྡན། དུས་དང་གནས་སྐབས་ཀྱི་འགྱུར་འགྲོས་ལ་མི་ལྟོས་པར་རྟག་ཏུ་ཕན་བདེའི་འབྱུང་གནས་སུ་གནས་པའི་རིག་པའི་རྒྱུན་ཅིག་ཡིན། དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་སྲོལ་རྒྱུན་གྱི་གསོ་བ་རིག་པའང་འཇིག་རྟེན་འདིར་དུ་མ་ཞིག་ཡོད་པ་ལས། ལྷོ་བྱང་གྱི་རྒྱ་མཚོའི་རླབས་ཀྱིས་གྱེན་དུ་འཕྱུར་བའི་རི་བོ་ཧི་མ་ལ་ཡའི་ཟོམ་ན་འཁོད་པའི་བོད་ཀྱི་གསོ་བ་རིག་པ་ནི་མི་རིགས་རང་ཉིད་ཀྱིས་གསར་གཏོད་བྱས་པའི་གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་རྒྱ་ཆེན་པོ་ཡོད་པ་མ་ཟད། རྒྱལ་ཁབ་གཞན་དག་གི་གསོ་བ་རིག་པའི་གཞུང་ལུགས་དང༌། དེ་དག་གི་ལག་ལེན་ཀྱང་བོད་དུ་དར་ཁྱབ་བྱུང་བ་བོད་ཀྱི་སྨན་པ་རྣམས་ཀྱིས་སྔར་ནས་བཟུང་གཅིག་ཏུ་བསྒྲིལ་ནས་སློབ་སྦྱོང་དང་ལག་ལེན་བྱེད་པ་ཡིན།
དེ་ཡང་ཕྱི་ལོའི་དུ་རབས་བདུན་༦༡༧པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་གར་ནས་སྨན་པ་བྷརདྷྭཛ་དང་ཏ་སིག་ནས་ག་ལེན་ནོས། རྒྱ་ནག་ནས་ཧིན་ཝིན་ཧང་རེས་རྣམས་གདན་དྲངས་ནས་མཁས་པ་དེ་དག་གིས་རང་རང་གི་གསོ་བ་རིག་པའི་གཞུང་ལུགས་རྣམས་བོད་སྐད་དུ་བསྒྱུར་ཅིང༌། དེ་དག་གི་རིག་པའི་གཞུང་ལུགས་དང་ལག་ལེན་བསླབ་ཏུ་བཅུག་སྟེ་ཆིག་བསྒྲིལ་དུ་ཉམས་ལེན་བྱ་རྒྱུའི་རྒྱལ་ཁྲིམས་བཅས་པ་ནི། ལུགས་ཆེན་གསུམ་པོའི་ཚུལ་དག་མ་རྟོགས་ན།། སྨན་པ་ཆེན་པོའི་གྲལ་དུ་མི་ཚུད་དེ།། བདག་དང་གཞན་ལ་ཕན་པར་མི་ནུས་པས།། བར་སྣང་མཁའ་ལ་མཐོ་ཡིས་བསྙབ་པ་བཞིན།། ཞེས་རང་གཞན་ལ་ཕན་པའི་སྨན་པའམ་བོད་ཀྱི་རྒྱལ་ཁྲིམས་དང་མཐུན་པའི་སྨན་པ་ཞིག་དགོས་ན་རྒྱ་གར་རྒྱ་ནག་སྟོད་ཕྱོགས་བོད་ཀྱི་ལུགས་ཏེ་གོང་གསལ་སྨན་པ་གསུམ་གྱི་རིག་པའི་གཞུང་ལུགས་དང་ལག་ལེན་རྣམས་མ་ཚང་བ་མེད་པར་ཁོང་དུ་ཆུད་པ་ཞིག་དགོས་པ་ཡིན། དེའི་རྒྱུ་མཚན་ནི་རྒྱལ་པོས་འོལ་ཚོད་དམ་དབང་ཡོད་ཀྱིས་ཁྲིམས་བཟོས་པ་མིན་པར། སྨན་པ་ནི་ཚེ་འདིའི་གང་ལས་ཀྱང་ཕངས་པའི་སྲོག་ཀྱང་ལྟོས་མེད་དུ་འབུལ་ནས་རེ་ལྟོས་འཆའ་ས་ཡིན་པས་དེ་འདྲའི་རེ་ལྟོས་འཆའ་ཡུལ་དེར་རེ་ལྟོས་འོས་པའི་ཡོན་ཏན་ཀུན་ཚང་དགོས་པའི་ཕྱིར་རོ།།
དེ་བཞིན་ཕྱི་ལོའི་དུས་རབས་བརྒྱད་༧༥༤-༧༩༧པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་སློབ་གཉིས་རྒྱ་གར་ནས་གདན་དྲངས། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། འཕགས་པའི་ཡུལ་དུ་དར་བའི་སྟོན་པ་སངས་རྒྱས་ཀྱི་བཀའ་དང་དེའི་དགོངས་འགྲེལ་དུ་མ་བོད་སྐད་དུ་བསྒྱུར་ཅིང་སད་མི་མི་བདུན་རབ་ཏུ་བྱུང་བ་སོགས་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་དར་ཁྱབ་ཆེན་པོ་མཛད། རྒྱ་ནག་སོགས་མཐའ་བཞིའི་རྒྱལ་ཁབ་རྣམས་ཀྱིས་ཕྱག་འཚལ་ཞིང་དཔྱའ་འབུལ་བ་སོགས་སྲིད་དོན་གྱི་སྟོབས་ལའང་སུས་ཀྱང་དོ་ཟླ་མེད། གསོ་བ་རིག་པའང་མཐའ་བཞིའི་མཁས་པ་མི་དགུ་བསམ་ཡས་སུ་གདན་དྲངས་ནས་སྔར་གྱི་གསོ་བ་རིག་པར་དཔྱད་ཞིབ་དང༌། དེ་དག་གི་རང་རང་གི་གཞུང་ལུགས་དང་ལག་ལེན་རྣམས་ཀྱང་བོད་དུ་དར་བར་མཛད། ལྷག་པར་ཨཽཊིཡན་རྒྱལ་ཁམས་ཆེན་པོ་ནས་གདན་དྲངས་པའི་སངས་རྒྱས་གཉིས་པ་གྲུབ་ཆེན་མཚོ་སྐྱེས་རྡོ་རྗེའི་ཞབས་ལ་ཆོས་རྒྱལ་ཆེན་པོས་མཉེས་པ་གསུམ་གྱིས་མཉེས་པར་མཛད་དེ་བོད་ཁམས་ཐུགས་རྗེས་འཛིན་པར་གསོལ་བ་བཏབ་པས་སློབ་དཔོན་ཆེན་པོས་བོད་ཀྱི་ཡུལ་ཁམས་ཀུན་ཏུ་ཟང་ཟིང་གི་དབུལ་བ་ཟློག་ཕྱིར་ནོར་གཏེར། ཆོས་ཀྱི་ཕངས་པ་སྐྱོབ་ཕྱིར་ཆོས་གཏེར། དུས་ངན་ནད་ངན་གྱི་གཉེན་པོར་སྨན་གཏེར་རྣམས་སྦས་ནས་བསྟན་ཞབས་གཏེར་གྱིས་སྐྱོང་བའི་བཀའ་དྲིན་བསམ་ལས་འདས།།
གཉན་ནད་འབྱུང་བའི་དུས།
བོད་ཀྱི་གསོ་བ་རིག་པ་འདི་ཉིད་ཐོག་མའི་འབྱུང་ཁུངས་གོང་དུ་སྨོས་པ་བཞིན་ཆུ་མགོ་གངས་དང་ཆོས་མགོ་སངས་རྒྱས་ཀྱི་དཔེ་བཞིན་ཚད་མའི་སྐྱེས་བུ་ཆོས་ཐམས་ཅད་ཀྱི་ཀུན་རྫོབ་དང་དོན་དམ་པའི་གནས་ལུགས་ཇི་ལྟ་བ་དང་ཇི་སྙེད་པ་རྗེན་པར་གཟིགས་པའི་སྐྱེས་བུ་ཁྱད་པར་བས་བྱས་ཤིང། ལོ་རྒྱུས་འགའ་ཞིག་གི་དབང་དུ་བྱས་ན་སྤྱི་ལོའི་སྔོན་གྱི་ལོ་ངོ་སྟོང་ཕྲག་བཅུ་ཕྲག་ལྷག་ནས་བྱུང་བས་འཛམ་གླིང་འདིར་ཆེས་སྔ་ཤོས་ཀྱི་གསོ་ཐབས་ཀྱི་རིག་པ་ཞིག་ཏུ་བགྲང་བར་འོས་པ་ཞིག་ཡིན། དེ་ཡང་དུས་དང་གནས་སྐབས་ཀྱི་འགྱུར་འགྲོས་ལ་མི་ལྟོས་པར་རྟག་ཏུ་ཕན་བདེའི་འབྱུང་གནས་ཀྱི་གསོ་རིག་ཡང་དག་ཅིག་སྟེ། དངོས་པོའི་ཆོས་ཉིད་དེ་ཉིད་ཇི་ལྟ་བ་བཞིན་ལུགས་འདིས་སྟོན་པར་བྱེད་པའི་ཕྱིར། དེ་ཡང་ཚད་མའི་སྐྱེས་བུས་བྱས་པའི་ཟེར་བགྲོས་ལ་བརྟེན་ནས་རྨོངས་དད་དང་ཞེན་ཆགས་ཙམ་མ་ཡིན་པར་ནད་དང་སྨན་གྱི་འགྲོ་ལྡོག་ལ་དངོས་སྟོབས་ཀྱི་རིག་པ་བརྒྱ་ཕྲག་གིས་དཔྱད་བརྡར་བྱས་པའི་གྲུབ་དོན་དུ་མས་རྒྱུན་མི་ཆད་པར་བརྒྱན་པའི་རིག་པ་ཞིག་ཡིན་པས་དེང་སྐབས་འབྱུང་བཞིན་པའི་སྔ་ན་མ་གྲགས་པའི་ནད་ངན་དུ་མའི་རྟགས་དང་བཅོས་ཐབས་དང༌། དེ་དག་སྲུང་ཐབས་ཇི་བཞིན་འབྱུང་ཞིང་བྱུང་བ་ལྟར་ཚུལ་བཞིན་ཉམས་སུ་བླང་ན་འབྲས་བུ་གདོན་མི་ཟ་བར་སྟེར་བའི་བཀའ་གཏེར་དུ་མ་ཞིག་གི་གཞུང་དང་ལག་ལེན་ད་ལྟའང་བཞུགས་ཡོད།
དེས་ན་དེ་དག་ལས་གསུངས་པའི་གཉན་ནད་འབྱུང་བའི་དུས་ནི། འཆི་མེད་བདུད་རྩི་བུམ་པའི་རྒྱུད་ལས།༡ སྔོན་གྱི་དུས་སུ་ཡུམ་མཁར་ཆེན་མཚོ་རྒྱལ་གྱིས་སློབ་དཔོན་ཆེན་པོར་ཞུ་བ་ལན་གསུམ་༢ཕུལ་བའི་དང་པོར། ད་ལྟ་དུས་བཟང༌། སྤྱོད་པ་བཟང༌། ལྷ་དང་མི་བྱམས། ཇོ་བོ་དཀོན་མཆོག་ཐུགས་རྗེ་ཅན་རྣམས་ཀྱི་བྱིན་རླབས་མ་ཡལ། འདྲེ་སྲིན་མ་རུང་པ་རྣམས་དམ་ལ་བཏག་པའི་དུས་སུའང་སེམས་ཅན་འདི་རྣམས་ལན་དང་གནོད་པས་དུས་མ་ཡིན་པར་གདུག་རྩུབ་འབྱུང་ཞིང༌། སྐབས་སུ་མ་བབས་པར་འཆི་བའི་དུས་བྱེད་པར་འགྱུར་ན། ཕྱི་མའི་དུས་སུ་སྙིགས་མ་ལྔ་བདོ་ཞིང་འདྲེ་སྲིན་མ་རུང་བ་རྣམས་ཀྱི་ཁ་རླང་ནད་གདུག་པ་ཅན་གྱིས་ཉེན་ནས། དམ་པའི་ཆོས་སྒྲུབ་ལོངས་མེད་པའམ་དུས་མ་ཡིན་པར་སྲོག་གི་བར་ཆད་དུས་ད་ལྟ་བས་དར་བར་མི་འགྱུར་རམ་ཞུས་པས། གུ་རུ་ཆེན་པོའི་ཞལ་ནས། ཨེ་མ་ཇོ་མོ་མཁར་ཆེན་བཟའ༔ སྙིགས་མའི་དུས་ཀྱི་སེམས་ཅན་རྣམས༔ ལོག་པའི་འཁྲུལ་འཁོར་སྣ་ཚོགས་སྤྱོད༔ སྔགས་པ་རྩ་བའི་དམ་ཚིག་ཉམས༔ བཙུན་པ་རྩ་བའི་འདུལ་ཁྲིམས་ཉམས༔ སྐྱེ་བོ་ངོ་ཚ་ཁྲེལ་ལས་བུད༔ དགེ་བཤེས་འཁྲུགས་པའི་ཡོ་ལོང་བྱེད༔ སྟོན་པའི་དམ་ཆོས་ཟོང་དུ་ཚོང༔ རྣལ་འབྱོར་ཐོ་བཅོས་ཉ་མ་སླུ༔ སྒོམ་ཆེན་རྫུན་གྱིས་བུ་སྨད་གསོ༔ བླ་མ་དཀོན་མཆོག་རྒྱབ་ཏུ་སྐྱུར༔ བདུད་དང་མུ་སྟེགས་དང་དུ་ལེན༔ འཇིག་རྟེན་ལྷ་འདྲེ་སྲོག་གིས་མཆོད༔ ལོག་པའི་སྤྱོད་ངན་སྣ་ཚོགས་ཀྱི༔ རང་གི་སྤྱོད་པས་རང་ཉིད་ཕུང་༔ ཞེས་དང་༣ལྔ་བརྒྱ་དུས་ཀྱི་ཐ་མར་གྱུར་ཙ་ན༔ མི་རྣམས་འདོད་པའི་དབང་གིས་ལོག་པར་སྤྱོད༔ སྔགས་པ་རྣམས་ནི་རྡོ་རྗེའི་ནང་དམེ་དར༔ དགེ་འདུན་བཙུན་པ་རྣམས་ནི་སྡེ་འཁྲུགས་བྱེད༔ མུ་སྟེགས་བན་བོན་རྣམས་ནི་ཟོར་ཁ་འཕེན༔ སྐྱེ་བོ་རྣམས་ནི་མནའ་འཐབ་བཤན་དམར་བྱེད༔༤ ཅེས་དང༌། དེ་འབྱུང་སྤྱོད་པ་སྔྔ་ལྟས་ནི༔ གོས་ངན་ཁྱི་ཐུལ་གོན་པ་ཡོང་༔ ཞྭ་ངན་རྩིད་ཞུ་གྱོན་པ་འོང་༔ ཕུ་དུང་ཁ་མཐུད་དམར་པོ་འདོག༔ ལྟ་བར་མཐོན་པོར་ཁས་བླང་ནས༔ ཕཊ་ཀྱི་དེ་ཉིད་མི་ཤེས་པར༔ ཁ་ནས་ཕཊ་ཅེས་ཟེར་བ་འོང་༔ ཆོས་མེད་ལོག་ཆོས་སྤྱོད་པ་འོང་༔ དེ་འདྲའི་དུས་རྣམས་འབྱུང་དུས་སུ༔ ནག་པོ་རྒྱུགས་འགྱེལ་དར་བར་འགྱུར༔༥ ཞེས་སྙིགས་མ་ལྔའི་རང་གཤིས་ཀྱི་ཆོས་བྱེད་དང་སྐྱེ་བོ་ཀུན་གྱི་བཟང་སྤྱོད་དང་ཚུལ་ཁྲིམས་མཐའ་དག་ཉམས་ཤིང་མི་དགེའི་སྤྱོད་པ་འཇོལ་ཉོག་ཏུ་སྤྱོད་པ་དུས་དེང་སང་གི་སྐྱེ་བོའི་བསམ་སྤྱོད་འཛིན་པའི་སྐབས་ལྟ་བུར་ནད་དེ་འབྱུང་བར་གསུངས། 
གཉན་ནད་འབྱུང་བའི་རྐྱེན།
ནད་ཀྱི་རྐྱེན་བདུད་རྩི་བུམ་པ་ལས། ཡ་བདུད་རྒྱལ་པོ་གཟའ་མཆོག་ཁྲོས༔ མ་བདུད་གཏིང་ཁམས་མ་མོ་གཡོས༔ ཧལ་ཁྱི་ལ་སོགས་སྡེ་བརྒྱད་འཁྲུགས༔ གདུག་པ་ཅན་གྱི་ཁ་རླང་འཕྲོས༔ ནད་ཀྱི་ཁ་རླང་སྤྲིན་དུ་ཆགས༔ ནད་མཚོན་མུ་གེ་ཆར་ལྟར་བབས༔ མཛེ་དང་རྨུ་ཆུ་གཉན་ནད་དེ༔ རུས་ནད་ནག་པོ་མཛེ་ཡིས་འཛིན༔ ཁྲག་ནད་རྨུ་ཆུ་རྫིང་དུ་འཁྱིལ༔ ཤ་ནད་དོན་སྙིང་གཉན་གྱིས་རྨུག༔༦ ཅེས་དང༌། མན་རྒྱུད་ལས།༦ དེ་དུས་མ་མོ་མཁའ་འགྲོ་ཀུན་འཁྲུགས་ནས།།ནད་ཀྱི་ཁ་རླུང་སྤྲིན་དུ་ཆགས་པ་ལས།།བལ་ནད་རྒྱུ་གཟེར་གག་ལྷོག་འབྲུམ་སོགས་འབྱུང༌།༧ ཞེས་དང༌། ལྷན་ཐབས་ལས།  དེ་ལ་རྒྱུ་ནི་དུག་གསུམ་ལས་སྐྱེས་པའི།།སྡེ་བརྒྱད་ལ་སོགས་དྲག་པོའི་གདོན་ཡིན་ཏེ།།རྐྱེན་ནི་མི་སྲུན་སྙིགས་མའི་མི་རྣམས་ཀྱིས།།ཁྲིམས་ལ་མི་གནས་མནའ་ཟ་ནང་དམེ་བྱེད།།བག་མེད་ཐོ་ཅོས་ལྷ་ཀླུ་ཀུན་ལ་བསྡོས།།དམ་ཚིག་མི་སྲུང་བླ་མའི་བཀའ་ཡང་བཅག །མ་རུང་མི་དགེ་སྤྱོད་ངན་སྣ་ཚོགས་ཀྱིས།།སྲུང་མའི་ཐུགས་ཁྲོས་ལྷ་ཡང་བདུད་དུ་བབས།།མ་མོའི་ཁ་རླང་གདུག་པ་སྤྲིན་དུ་འཁྲིགས།།གཉན་རྒོད་རིམས་ནད་ཆར་བཞིན་བབས་པ་ལས།།སྤྲ་བ་རླན་མེད་མེ་དང་འཕྲད་པ་བཞིན།།༨ཞེས་དུས་ངན་སྙིགས་མའི་འགྲོ་བའི་སྤྱོད་ངན་སྣ་ཚོགས་གྱིས་སྲུང་མ་ལྷ་ཀླུ་སྡེ་བརྒྱད་རྣམས་འཁྲུགས་པ་དང༌། བག་མེད་འདོད་རྔམས་ཀྱིས་སྤྱོད་པས་ལྷ་ཀླུ་ཀུན་ལ་སྡོ་བ་སྟེ་རང་ཉིད་གནས་སའི་འཁོར་ཡུག་གི་རྩི་ཤིང་ནགས་ཚལ། འབབ་ཆུ་མཚེའུ་རི་བོ་རི་ཕྲན། བྱ་རིགས་ཅན་ཟན། རི་དྭགས་ཆུ་གནས་ཀུན་ལ་དབང་སྒྱུར་ཕོག་ཐུག དོ་བསྡོ་བྱས་པའི་རྐྱེན་གྱིས་མ་མོའི་དལ་ཡམ་གཡོས་ཏེ་ནད་ཀྱི་ཁ་རླང་ངམ་ནད་འབུ་ Virus ཕྲ་མོ་གནམ་ས་བར་སྣང་ལ་སྤྲིན་ལྟར་ཁྱབ་པ་ལས་རྒྱུ་རྐྱེན་ཚོགས་པའི་སྐྱེ་བོ་རྣམས་ལ་སྤྲ་བ་ལ་མེ་འཕྲད་པ་བཞིན་འཇུག་སྒོ་དྲུག་པོ་གང་རུང་ནས་ནང་དུ་ཞུགས་ནས་བབས་ས་དང་གནས་ཀྱིས་བསྒྱུར་བའི་གཉན་ནད་སྣ་ཚོགས་སུ་འབོད་པ་འབྱུང་ངོ༌།།
གཉན་ནད་ཀྱི་ངོ་བོ།
རྒྱུ་རྐྱེན་དེ་དག་གིས་སྐྱེད་པའི་ནད་ངན་གཉན་ཞེས་གྲགས་པ་ནི། སྤྱིར་ནད་འདིའི་མིང་ནི་རྒྱུ་མིང་འབྲས་ལ་བཏགས་པ་ཞིག་སྟེ། གོང་བཤད་ཀྱིས་རང་ཉིད་གནས་སའི་འཁོར་ཡུག་གཟུགས་ཅན་གཟུགས་མེད་གང་ཡང་རང་དང་ཐད་ཀར་གལ་ཆེ་བའམ་བཀའ་གཉན་པ་དག་ལ་གཉན་ཞེས་སྤྱི་མིང་སྒེར་དུ་བཏགས་པ་རྣམས་ལ་བརྟེན་ནས་བྱུང་བས་དེ་ལྟར་འབོད་པར་སྙམ། དེས་ན་དེ་ལས་བྱུང་བའམ་དེ་དང་འབྲེལ་བའི་ནད་ཀྱི་ངོ་བོ་ནི། ལྷན་ཐབས་ལས། རྒྱུ་ལ་རྐྱེན་དེས་ཏྲེ་ཏྲེ་ཧོ་ཞེས་སམ།།པརྤ་ཏ་སྟེ་སྲིན་གྱི་གཟུགས་སྤྲུལ་པ།།རྩངས་པའི་མགོ་དབྱིབས་ཁ་ཆེ་སྦྲུལ་ལྟ་བུའི།།མཇུག་རིང་རྟ་བླ་ལྟར་དུ་ཡན་ལག་མང༌།།རླུང་གཤོག་ལྡན་པས་ཕྱོགས་ཀུན་རྒྱུ་བ་སྟེ།།བར་སྣང་ཁམས་ནས་བ་སྤུ་སྣ་སྒོར་འཇུག །དེ་བསྟུན་ལུས་ནང་གནས་པའི་སྲིན་འབུ་ནི།།ཁྲག་སྲིན་རྐང་མེད་ཟླུམ་ལ་དམར་བ་དེ།།ཁྲག་ལ་གནས་ཤིང་རྩ་ནང་ཀུན་ཏུ་རྒྱུ།།གཉན་ནད་ཀུན་གྱི་རྒྱུ་དང་མཛེ་ནད་བྱེད།།ཟངས་ལྟར་དམར་ཞིང་ཕྲ་ལ་བལྟར་མི་མངོན།།སྐད་ཅིག་ཙམ་ལ་མགོ་རྐང་ཁྱབ་རྒྱུ་ནུས།།དེ་ལ་རྐྱེན་ནི་རླུང་མཁྲིས་བད་ཀན་འདུས།།སྐྱེད་བྱེད་ཡུལ་དུས་ཟས་སྤྱོད་གདོན་རྐྱེན་གྱིས།།སྲིན་འཁྲུགས་ལུས་ཟུངས་ཟས་པས་གཉན་ནད་འབྱུང༌།།༩ཞེས་དང༌། 
བདུད་རྩི་བུམ་པའི་རྒྱུད་ལས། གསུམ་གྱི་ཐ་མ་གཉན་ནད་དེ༔ འདེག་བྱེད་རླུང་གི་རྟ་ལ་ཞོན༔ ཚ་བ་སྤྲུགས་པའི་བེར་ཆེན་གྱོན༔ མཆིན་མཁྲིས་ཚ་བའི་གནས་སུ་བབས༔ རྒྱ་ནད་མིག་སེར་ཞེས་ཀྱང་བྱ༔ བལ་ནད་རིམས་ཚད་ཅེས་ཀྱང་བྱ༔ གཉན་ཚད་ཐོག་བབས་ཞེས་ཀྱང་བྱ༔ མིང་གི་རྣམ་གྲངས་བརྗོད་མི་ལོངས༔ ཁོ་ཡི་སྤྲུལ་པ་ཅིར་ཡང་སྟོན༔ ཁོ་ལ་མི་གཏོགས་གཅིག་ཀྱང་མེད༔ སྨན་པས་རྩ་རྒྱུགས་མཁྲིས་པར་འཆོས༔ བླུན་པོ་རྣམས་ནི་རླུང་འཆོས་བྱེད༔ ཡང་ན་རུས་ནད་གྲང་བར་འཆོས༔ ཕལ་ཆེར་ཁ་དམར་ཐོགས་པ་ཉུང་༔༡༠  ཞེས་ནད་ཀྱི་ངོ་བོ་ནི་འབྱུང་ཁུངས་གོང་གི་རྒྱུ་རྐྱེན་དེ་དག་ལས་བྱུང་བའི་ནད་འབུ་ Virus ཡིན་ཅིང་དེས་ལུས་ལ་གནས་པའི་རང་བཞིན་གྱི་ཁྲག་སྲིན་དབྱིབས་དང་ཁ་དོག་མི་འདྲ་བ་རྣམས་བཅོམ་ནས་ཁྲག་གི་རྒྱུ་བ་ལ་རྟ་བྱས་ནས་ལུས་ཀྱི་ཆ་ཤས་ཐམས་ཅད་ལ་རྒྱུ་བས་དེའི་དུས་སམ་རང་བཞིན་གྱིས་ཉེས་པ་གསུམ་དང་ཟས་སྤྱོད་སོགས་ཀྱི་རྐྱེན་གྱིས་བསྒྱུར་ནས་ཕྱིའི་ཤ་པགས་རུས་གསུམ། ནང་གི་དོན་སྣོད་དབང་པོ་རྩ་ཁམས་གང་རུང་ཞིག་གམ་འགའ་ལ་བབས་པས་དེའི་དབང་གིས་ནད་རྟགས་སྣ་ཚོགས་པ་དང༌། ན་ལུགས་སྣ་ཚོགས་པ་བྱུང་བར་གསུངས་པ་རྣམས་དེང་དུས་རིག་གསར་གྱིས་བརྟག་ཐབས་ཀྱི་རིག་པ་དང་ཡོ་བྱེད་རྣམས་སྤྱད་དེ་བརྟག་ན་ཀུན་གྱི་སྤྱན་ལམ་བསྟར་ཐུབ་པ་གདོན་མི་ཟ་བས་ཤེས་ལྡན་དག་ཡོད་ན་དུས་རབས་ཉེར་གཅིག་པའི་གོ་ལ་ཧྲིལ་པོ་གཅིག་གྱུར་བཟོ་བའི་དུས་ཚོད་འདིར་ཡང་ཚད་ལྡན་གྱི་གཞུང་དེ་དག་ལ་ཡིད་ཆེས་ལྷག་པར་སྟེར་ཐུབ་པའི་རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བའི་ཐབས་དུ་མ་ཡོད་པས་བརྩོན་འགྲུས་བྱ་དགོས།།
གཉན་ནད་ཀྱི་མིང་དང་དབྱེ་བ།
གོང་དུ་གསལ་བའི་རྒྱུ་རྐྱེན་དེ་དག་ལས་བྱུང་བའི་གཉན་གྱི་ངོ་བོར་གྱུར་བའི་ནད་འབུ་ Virus དེ་ཉིད་འཇུག་སྒོ་གང་རུང་ནས་ནང་དུ་ཞུགས་ཏེ་ཤ་ཁྲག་དོན་སྣོད་དབང་པཽ་རྩ་རྒྱུས་སོགས་འབབ་སའི་གནས་ཀྱིས་བསྒྱུར་བས་ནད་རྟགས་སྣ་ཚོགས་པ་འབྱུང་བས་མིང་ཡང་སྣ་ཚོགས་འབྱུང་ཞིང་དུས་ངན་གྱི་ནད་གཞི་ཕལ་ཆེར་འདིས་མ་སྐྱེད་པ་མེད་པས་གྲངས་དང་མིང་གི་ངེས་གཏན་མེད་པ་ལྟ་བུར་སྣང༌། དེ་ཡང་རྒྱུད་ལས། གསུམ་གྱི་ཐ་མ་གཉན་ནད་དེ༔ འདེགས་བྱེད་རླུང་གི་རྟ་ལ་ཞོན༔ ཚ་བ་སྤྲུག་པའི་བེར་ཆེན་གྱོན༔ མཆིན་མཁྲིས་ཚ་བའི་གནས་སུ་བབས༔ རྒྱ་ནད་མིག་སེར་ཞེས་ཀྱང་བྱ༔ བལ་ནད་རིམས་ཚད་ཅེས་ཀྱང་བྱ༔ གཉན་ཚད་ཐོག་བབས་ཞེས་ཀྱང་བྱ༔ ནག་པོ་རྒྱུགས་འགྱེལ་ཞེས་ཀྱང་བྱ༔ ཅོག་འགྱེལ་ལྟག་དགྱེ་ཞེས་ཀྱང་བྱ༔ ནག་པོ་སུམ་སྒྲིལ་ཞེས་ཀྱང་བྱ༔ མིང་གི་རྣམ་གྲངས་བརྗོད་མི་ལོངས༔ ཁོ་ཡི་སྤྲུལ་པ་ཅིར་ཡང་སྟོན༔ ཁོ་ལ་མི་གཏོགས་ཅི་ཡང་མེད༔ སྨན་པས་རྩ་རྒྱུགས་མཁྲིས་པར་འཆོས༔ བླུན་པོ་རྣམས་ནི་རླུང་བཅོས་བྱེད༔ ཡང་ན་རུས་ནད་གྲང་བ་བཅོས༔ ཕལ་ཆེར་ཁ་དམར་ཐོགས་པ་ཉུང་༔༡༡ ཞེས་དང༌། ལྷན་ཐབས་ལས། དབྱེ་བ་བབས་ས་མིང་གིས་ཐ་དད་དེ།།མགོ་ལ་བབས་ན་ཀླད་གཟེར་ཞེས་བྱ་ཞིང༌།། གྲེ་བར་གཉན་གག་རྒྱུ་མར་རྒྱུ་གཟེར་དང༌།།པགས་ལ་མེ་དབལ་ཚིགས་ལ་རྨེན་བུ་སྐྱེད།།ཉྭ་ལ་ཉྭ་ལོག་ཤ་ལ་ལྷོག་པར་བཤད།།ཤ་རུས་རྩ་རྣམས་འདྲུལ་ཕྱིར་འབྲས་ཞེས་བྱ།།རྒྱུངས་པར་བབས་ན་འཛུམ་བུ་ལྟག་དགྱེ་དང༌།།མཁྲིས་བབས་རྩར་རྒྱུགས་རིམ་སྨྱོན་ཏྲེ་ཏྲེ་ཧོ།།རྒྱ་ནད་མིག་སེར་ནག་པོ་སུམ་སྒྲིལ་ཞེས།། སྲོག་རྩ་དོན་སྣོད་ནང་བབས་ནང་ལྷོག་དང༌།།གཉན་རིམས་ཁ་མེད་ཁྱིམ་བུ་འབར་འབུར་དང༌།།རྣ་རྩ་ཕུས་འདེབས་ངམ་རུ་ཞེས་པ་སོགས།།མདོར་ན་མིང་བཟུང་མི་ལོངས་ནད་ཀྱི་རིགས།།དུ་མས་འགྲོ་བའི་ཚེ་སྲོག་མྱུར་དུ་ལེན།།༡༢ ཞེས་འབབས་ས་དང་གནས་ཀྱིས་བསྒྱུར་ཏེ་རྟགས་དང༌། དེ་ལ་བརྟེན་པའི་མིང་ཡང་བགྲང་གིས་མིང་ལོངས་བར་འབྱུང་བར་གསུངས།
གཞན་ཡང་འབྱུང་ཁུངས་ལ་ལྟོས་ཏེ་དཔེར་ན་སེམས་ཅན་ཕྱི་བ་ལས་འགོས་པའི་ནད་ལ་འཕྱི་ནད་ལྷོག་རྒོད་དང་༡༣རི་དྭགས་དང་སྒོ་ཕྱུགས་གཞན་དག་ལས་འགོས་པ་ལ་ལྷོག་པ་ཞེས་སྤྱི་མིང་གིས་འབོད་པ་སོགས་སྣ་ཚོགས་འབྱུང་ཡང་དོན་དུ་ངོ་བོ་འདི་ལས་མ་འདས།
དེ་བཞིན་དེང་སང་སྐད་རིགས་གཞན་དག་གིས་འབོད་པའི་ Plague ནི་དོན་དུ་ནང་ལྷོག་དང༌། གློ་བར་བབས་ན་ SARS འབོད་པ་དང༌། འབྱུང་ཁུངས་གཞན་ཁྱིམ་བྱ་ལས་བྱུང་བ་ལ་Birds flu སོགས་འབོད་པའང་དོན་དུ་གཉན་ནད་འདི་ཉིད་ལས་མ་འདས་ཤིང༌། ལྷག་པར་འཛམ་གླིང་རྒྱལ་སྤྱིའི་འཕྲོད་བསྟེན་ལས་ཁུངས་ཀྱི་དཔྱད་ཞིབ་བགྱི་བའི་གྲུབ་དོན་དུ་གློ་ནད་ (SARS) ཞེས་པའི་ནད་ངན་གདུག་པ་ཅན་དེའང་རི་དྭགས་དང༌། རི་གནས་འདབ་ཆགས་སོགས་ལས་འགོས་པར་གཏན་འབེབས་བྱས་པས་ཀྱང་འཁྲུལ་བ་མེད་པའི་ཚད་མའི་སྐྱེས་བུས་གསུང་ལ་ངེས་པ་སྟེར་བའི་གྲོགས་དམ་པར་གྱུར།
སྲུང་ཐབས།
ལྷན་སྐྱེས་དང་གློ་བུར་གྱི་ནད་གཞི་གང་ཡིན་ཡང་ན་བ་ལ་སྨན་བཅོས་བྱེད་པ་ལས་ནད་མ་བྱུང་བའི་སྔོན་ནས་ནད་གཞི་དེ་དག་འབྱུང་བའི་རྐྱེན་སྤངས་པ་ནི་ནད་མེད་བདེ་བར་གནས་པའི་ཐབས་དམ་པར་བོད་ཀྱི་སྨན་གཞུང་བཀའ་གཏེར་རྣམས་ལས་ལན་གཅིག་པར་བསྔགས་པས་གཞུང་དེ་དག་ལས་ནད་ཀྱི་རྐྱེན་སྤངས་ཐབས་རྒྱ་ཆེར་གསུངས་ཡོད། དེ་ཡང་འཆི་མེད་བདུད་རྩིའི་བུམ་པའི་རྒྱུད་སོགས་བཀའ་གཏེར་དག་སྣང་རྣམས་ལས་རང་གཞན་ཡུལ་ཁམས་དང་བཅས་པའི་སྲུང་ཐབས་རྒྱ་ཆེར་བཤད་པ་རྣམས་གང་ཞིག་ཉམས་ལེན་དུ་འཁྱེར་ནའང་དེ་ལས་གསུངས་པའི་ཕན་ཡོན་དང་ཡོན་ཏན་རྣམས་འབྱུང་བར། རང་དང་སྲུང་ཡུལ་གཉིས་ཀ་དང་པོ་བླ་མ་དང་ལྷག་པའི་ལྷ་ལ་རྒྱུ་མཚན་ཤེས་པའི་ཡིད་ཆེས་དང་དད་པ་ལྡན་པ། གཉིས་པ་དེ་ནས་གསུངས་པའི་ཆོ་ག་རྣམས་ལྷག་ཆད་དང་ནོར་འཁྲུལ་མེད་པ། གསུམ་པ་གདམས་ངག་དེ་དག་ཉམས་སུ་ལེན་པར་མེད་དུ་མི་རུང་བའི་སྨིན་གྲོལ་གྱི་གདམས་པ་རྫོགས་པར་ཐོབ་ཅིང་མ་ཐ་གྲངས་དང་དུས་ཀྱི་བསྙེན་པ་ཚད་བཞིན་འཁྱོངས་བ་དང༌། གདམས་པ་དེ་དག་གི་ལག་ལེན་རྣམས་མཐོང་བ་བརྒྱུད་པའི་ལག་ལེན་བཞིན་ལས་རང་བཟོ་སླ་ཆོས་སུ་མ་སོང་བ་བཅས་ངེས་པར་གཞི་མར་བཞག་དགོས་པ་ལས། དེ་དག་ལས་གཅིག་མ་ཚང་ཡང་འཁྲུལ་འཁོར་གྱི་ཆ་ལག་མ་ཚང་བ་དང་འདྲ་བས་གཞན་འགའ་ཞིག་ཚོགས་ཀྱང་དགོས་དོན་མི་འགྲུབ་པ་མ་ཟད། དུས་ངན་སྐྱེ་བོ་ཉོན་མོངས་རགས་ཤིང་རང་སྐྱོན་གྱི་རི་བོ་མི་མཐོང་བར་མི་སྐྱོན་ཆེ་ཤེལ་གྱིས་འཚོལ་དུས་འདིར་ལྷ་དང་བླ་མ་ཆོས་དང་གདམས་ངག་ལ་བསྐུར་འདེབས་དང་ལོག་ལྟས་རང་གཞན་མཐའ་དག་འདི་ཕྱི་གཉིས་ཕུང་གི་རྒྱུ་ལ་མི་འགྲོ་བར་བློ་ལྡན་དག་གིས་སྒྲིམས་དགོས་པ་ལས་མིང་དང་ཁེ་བཟང་ཅུང་ཟད་ཙམ་གྱི་ཆེད་དུ་སྨྱོ་འཆལ་ཐོ་ཅོའི་ལས་ལ་ཅིས་ཀྱང་མི་ཞུགས་པ་ཐུགས་ལ་བཅང་དགོས་སོ།།
དེ་ལ་འདིར་སྲུང་བ་རྡོ་རྗེ་ཁྲབ་རིང་ལས་གསུངས་བའི་རང་གཞན་གྱི་སྲུང་ཐབས་འགའི་ཁོག་ཙམ་ནི། དེ་ཡང་རྒྱུད་ཆེན་ལས། སྲུང་བ་མི་ལྡན་རིམས་ནད་བག་མེད་འཆོས།།དམག་གདོང་གཅེར་བུར་རལ་ཁ་འགྱེད་དང་མཚུངས།།ཞེས་ནད་འཆོས་མཁན་གྱི་སྨན་པ་རང་ལའང་སྲུང་ཐབས་གལ་ཆེ་བར་གསུངས་པས་རང་དང་ནད་པ་གཉིས་ཀར་སྲུང་ཐབས་དགོས་པ་ཡིན་ནོ།། དེས་ན་སྲུང་བ་དངོས་ནི། འཆི་མེད་བདུད་རྩི་བུམ་པ་ལས། ཅོག་འགྱེལ་ནག་པོའི་མགོ་རིམས་ལ༔ སྲུང་ཐབས་རྣམས་པ་གསུམ་ཡོད་དེ༔ ཕྱི་ནང་གསང་བའི་སྲུང་བ་བཤད༔ ཕྱི་སྲུང་སྤྱོད་ལམ་ཆོ་གས་བསྲུང་༔ ནང་སྲུང་ཟུ་གུ་གྱད་ཀྱིས་སྲུང་༔ གསང་སྲུང་ལྟ་སྒོམ་དམིགས་པས་བསྲུང་༔ དང་པོ་ཕྱི་ཡི་སྲུང་བ་ནི༔ འཁོན་འཐབ་སྣོལ་གྲིབ་བཙོག་ལ་འཛེམས༔ དུས་ཀྱི་རིམ་གྲོ་སྲུང་མ་བཅོས༔ ཆོས་སྤྱོད་དགེ་ལ་བརྩོན་པར་བཤད༔ དཀར་ཆོས་གསུང་རབ་བསྒྲག་པ་བསྔགས༔ སྡིག་སྤྱོད་ལོག་པའི་ལས་ལ་འཛེམས༔ དུས་མིན་ཉིད་དུ་ཆགས་པའི་ལས༔ ཉིན་མོ་གཉིད་དང་ངལ་དུབ་དང་༔ ཁམས་དང་མི་འཕྲོད་ཟས་ངན་སྤངས་༔ མདོར་ན་སྤྱོད་ལམ་བག་ལྡན་བྱ༔༡༤ ཞེས་ཕྱིའི་སྲུང་བ་དགེ་བ་ལ་བརྩོན་ཞིང༌། མི་དགེ་བ་ལ་འཛེམས་པ་དང༌། ལྷ་ཀླུ་མི་མིན་མི་དང་བཅས་པར་འཁོན་ཏེ་ཞེ་གཅོད་འགྲན་སེམས་དང་བཅས་པ་སྤང་བ་དང༌། གཞན་འཇིག་རྟེན་གྱི་ཐ་སྙད་དུ་གྲགས་པའི་བཙོག་གྲིབ་དང༌། མཚོ་དང་ཚེའུ། རི་གཉན་ས་གཉན་ཤིང་གཉན་སོགས་ལ་སྣོལ་ཏེ་ཕར་ལ་བཙོག་ལས་བྱ་བ་སོགས་ལ་འཛེམས་ཤིང༌། གལ་ཏེ་རང་དང་གཞན་གྱིས་བག་མེད་ཀྱི་སྤྱོད་པས་དེ་རིགས་སྔར་བྱུང་ཡོད་ན་བཤགས་སྡོམ་དང༌། རྫས་སྔགས་ཏིང་འཛིན་གྱི་རོལ་པས་མི་མིན་མཐུ་ཆེན་རྣམས་ཀྱི་རེ་འདོད་བསྐོང་བའི་ཐབས་ལ་འབད་པར་བྱ་བ་རྣམས་ཕྱི་སྲུང་སྤྱོད་ལམ་ཆོ་གས་སྲུང་བ་དང༌། གཉིས་པ་ནང་གི་སྲུང་བ་ནི། དེ་ཉིད་ལས། ནང་དུ་ཟུ་གུ་འཛུད་པ་དང་༔ མཐའ་བཞི་གྱད་ཀྱིས་སྐོར་ལ་སྲུང་༔ དཔའ་བོ་དགུ་ཡི་ཟུ་གུ་ནི༔ ལྟོ་སྟོང་དྲོ་ལ་ནང་དུ་གཞུག༔ བྱུགས་པའི་གྱད་ཀྱིས་གསང་སྒོ་སྲུང༔ ཕུར་མའི་གྱད་ནི་མགུལ་དུ་གདགས༔ སྔགས་ཀྱི་གྱད་ནི་དྲོ་ལ་བཟླ༔ འཁོར་ལོའི་གྱད་ནི་ལུས་ལ་བཅང༔ གང་ཡང་མ་ཚང་མེད་པ་གཅེས༔ དེས་ནི་ནད་ཀྱི་འཇིགས་དང་བྲལ༔ ཞེས་བདུད་རྩི་བུམ་པ་ཆེ་ཆུང་དང༌། ཕྱི་རྒྱུད་མཇུག་དོན་༡༥སོགས་བཀའ་གཏེར་ཚད་ལྡན་དུ་མ་ལས་གསུངས་པའི་དུག་དང༌། འགོ་ནད་ཀྱི་ནང་སྲུང་ངམ་འདྲེད་དུ་གྲགས་པ་རྣམས་སྦྱོར་ཚད་སྨན་སྒྲུབ་རབ་གནས་སྨན་རྟ། གཏོང་དུས་སོགས་བརྒྱུད་ལྡན་བླ་མའི་མན་ངག་བཞིན་ཁོང་དུ་བཏང་བ་ནང་དུ་ཟུ་གུ་འཛུད་པ་དང༌། དེ་བཞིན་དུ་བཀའ་གཏེར་ཚད་ལྡན་རྣམས་ལས་གསུངས་བའི་བྱུགས་པའི་རྫས་རྣམས་ངོ་བོ་དང་སྦྱོར་ཚུལ་མ་འཁྲུལ་བ་བྱས་ཏེ་དེ་དག་ལས་གསུངས་པའི་རྟ་དང་སྦྱར་ནས་ལུས་དང་དབང་པོའི་སྒོ་སོགས་གང་ལ་གང་དགོས་ཆོ་ག་ལྟར་བྱུགས་པ་བྱུགས་པའི་གྱད་ཀྱིས་གསང་སྒོ་སྲུང་བ་དང༌། གཞན་ཡང་ཚད་ལྡན་གྱི་གཞུང་དེ་དག་ལས་བྱུང་བའི་འགོག་སྲུང་གི་སྨན་ཕྱེ་རིལ་ཁྲོལ་བུ་གང་ཡང་གཞུང་བཞིན་བསྐྱེད་རིམ་སྔགས་བཟླས་བརྟན་བཞུགས་རབ་གནས་རྣམས་བརྒྱུད་ལྡན་བླ་མའི་མན་ངག་ལས་བྱུང་བ་བཞིན་རང་བཟོ་སྤངས་ཏེ་ཡིད་ཆེས་པར་ནུས་པའི་ཕུར་མ་མགུལ་སོགས་ལ་གདགས་ཤིང་དུས་སུ་སྤོ་བ་ཕུར་མའི་གྱད་ནི་མགུལ་དུ་གདགས་པའི་སྲུང་བ་དང༌། སྨན་པ་དང་སྲུང་བྱ་གང་ཡང་རྡོ་རྗེ་ཐེག་པར་འཇུག་རུང་གི་ལམ་ཐུན་མོང་བའི་རྒྱུད་འབྱོང་བའམ་མ་མཐའ་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་རྣམས་ལ་གོ་བ་ཆགས་པ་ཞིག་ལ་བདུད་རྩི་བུམ་པའི་དབང་གི་གྱད་ལས་གསུངས་པ་ལྟར་གྱི་སྨིན་བྱེད་དམ། བཀའ་གཏེར་ཚད་ལྡན་རྣམས་ལས་གསུངས་པའི་གསང་བདག་གམ་གུ་རུ་དྲག་པོའི་སྨིན་བྱེད་ཚད་ལྡན་བརྒྱུད་ལྡན་བླ་མ་ལས་ནོད་ཅིང༌། དབང་དུས་ཀྱི་དམ་སྡོམ་ལ་གནས་པའི་གང་ཟག་དེས་གོང་བསྙེན་སྔོན་དུ་འགྲོ་བས་བདུད་རྩི་བུམ་པ་ནས་གསུང་བའི་ལྷའི་བསྐྱེད་རིམ་དང་རིམས་སྲུང་གི་དམིགས་རྣམ་དང་བཅས་ཏེ་དུས་བསྙེན་མ་ཆགས་པར་བཟླ་བ་སྔགས་ཀྱི་གྱད་དང༌། དེ་མིན་འཆི་མེད་བདུད་རྩི་བུམ་པའི་སྲུང་བ་རྡོ་རྗེ་ཁྲབ་རིང་ནས་གསུང་བའི་འཁོར་ལོའི་གྱད་ཀྱི་བྲི་ཚུལ་ལམ། གཞན་ཡང་བཀའ་གཏེར་ཚད་ལྡན་རྣམས་ལས་གསུངས་པའི་འཁོར་ལོ་བྲི་བའི་གནད་བཅུ་གསུམ་༡༦དང་ལྡན་པར་སྒྲུབ་པའི་འཁོར་ལོ་འདོག་ཚུལ་བརྒྱུད་ལྡན་བླ་མའི་ཕྱག་ལེན་བཞིན་བཏགས་ཏེ་བསྐྱེད་རིམ་དང་དམ་ཚིག་ཤེས་པར་བྱ་བ་འཁོར་ལོའི་གྱད་དང༌། དེ་མིན་འཁོར་འདས་ཀྱི་ཆོས་ཐམས་ཅད་རྟེན་ནས་བཏགས་པ་ཙམ་ལས་དོན་དུ་རང་བཞིན་གྱི་གྲུབ་པ་རྡུལ་ཙམ་ཡང་མེད་པའི་མི་རྟོག་ཡེ་སྟོང་གི་ལྟ་བར་སྐྱོང་ཞིང༌། དེ་ལྟར་སྟོང་ཉིད་ཀྱི་ལྟ་བ་དེ་ཉིད་ལྷ་སྐུ་བཞིན་ལག་གི་རྣམ་པར་ཤར་བ་གསང་བའི་བདག་པོའམ་གུ་རུ་དྲག་པོ་གང་རུང་སྤྲུལ་པ་ཡང་སྤྲུལ་དང་བཅས་པའི་ང་རྒྱལ་དང་གསལ་སྣང་མ་བྲལ་བའི་ངང་ནས་སྲིད་གསུམ་ཟིལ་གྱིས་གནོན་པ། དྲེགས་པ་བྲན་དུ་འཁོལ་བ། སྤྲུལ་པའི་བྱ་ཁྱུང་བསྐྱེད་པ། རྣོ་གསུམ་མཚོན་དུ་རྡུང་བ། འགལ་རྐྱེན་ཆམ་ལ་འབེབས་པ། ཉི་ཟླ་ཆ་ལང་རྡེབ་པ། ཟླས་པ་སྔགས་ཀྱི་སྲུང་བ་སོགས་ཀྱི་གདམས་པ་བརྒྱུད་ལྡན་བླ་མའི་ཞལ་ལས་བྱུང་བ་བཞིན་རྟག་པ་རྒྱུན་དུ་ཉམས་ལེན་དུ་སྐྱོང་བ་རྟོག་བྲལ་སྟོང་པར་སྒོམ་པ་བཙན་པོ་མཁར་དུ་འཇུག་པའི་གནད་ཀྱིས་སྲུང་བ་རྣམས་ལ་གོང་དུ་བསྟན་པ་བཞིན་འབད་པས་བསྒྲུབ་ན་འགོ་ནད་སྤྱི་དང་ཁྱད་པར་ནག་པོ་རྒྱུགས་འགྱེལ་ཐུབ་པ་ནི་རྡོ་རྗེ་ཁྲབ་རིང་གི་བཤད་རྒྱུད་ལས། འགོ་བའི་ནད་རིགས་གང་བྱུང་ཐུབ༔ ཁྱད་པར་ནག་པོ་རྒྱུགས་འགྱེལ་ཐུབ༔ གག་པ་ལྷོག་པ་མཆོག་ཏུ་ཐུབ༔ མཆོག་ཏུ་རྒྱུ་གཟེར་དམར་བཤལ་ཐུབ༔ མཛེ་དང་སྲིའུ་སྨྱོན་པ་ཐུབ༔ གཟའ་དང་གནམ་ལྕགས་སེར་བ་ཐུབ༔ རྦོད་གཏོང་དམག་དང་ཆུང་སྲི་ཐུབ༔ ལོ་སྐེག་ཟླ་སྐེག་ཕྱོགས་ངན་ཐུབ༔ ཅེས་སོགས་ཕན་ཡོན་མཐའ་ཡས་པ་གསུངས་ཡོད།
གཉན་ནད་ཀྱི་རྟགས།
སྤྱིར་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་རྣམས་ལས་ནད་ལ་སྨན་བཅོས་བྱ་བའི་སྔ་རོལ་དུ་གསོ་བྱའི་ནད་གཞི་གང་ཡིན་ལྟར་སྣང་ཙམ་མིན་པར་ཇི་བཞིན་རྟོགས་དགོས་པ་ནི་མདའ་རྡེག་པ་ལ་འབེན་མཐོང་དགོས་པ་བཞིན་ཤིན་ཏུ་གལ་ཆེ་བར་བསྟན་ཡོད། དེ་ཡང་ནད་དང་དེའི་རྟགས་ནི་མེ་དང་དུ་བ་བཞིན་དུ་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པར་འདོད་ཅིང༌། དེ་ཡང་རྗེས་དཔག་ཚད་མས་ནད་རྟགས་ལས་ནད་དངོས་གནས་གང་ཡང་རྟོགས་པར་ནུས་མོད་ཀྱང༌། རྟགས་ལ་འཁྲུལ་ན་རྟགས་ཅན་ནད་གཞི་ཡང་འཁྲུལ་བར་འགྱུར་བ་ནི། དཔེར་ན་ཐག་རིང་དུ་རླངས་པ་འཕྱུར་བ་དུ་བར་འཁྲུལ་ན་དེ་ལས་དུ་ལྡན་གྱི་ཡུལ་དུ་མེ་ཡོད་པར་དཔག་ཀྱང་དུ་རླང་འཁྲུལ་བའི་རྒྱུ་མཚན་གྱིས་གནས་ཚོད་ལ་མེ་མེད་པར་མེ་ཚབ་ཆུར་གནས་པས་མེ་དོན་གཉེར་མཁན་པོར་མེ་ཐོབ་པར་མི་འགྱུར་བ་བཞིན་ནོ།། དེའི་ཕྱིར་ངོས་འཛིན་རྟགས་ཐབས་ཀྱི་མན་ངག་རྣམ་གྲངས་དུ་མ་དང༌། སྔ་མའི་འཁྲུལ་གཞི་ཅིག་ཤོས་ཀྱིས་བསལ་བ་སོགས་བརྟག་ཐབས་ཀྱི་ལག་ལེན་དང་དེའི་རིག་པའི་གཞུང་ལུགས་ལག་མི་ཐོགས་པ་ཡོད་པ་རྣམས་བསྡུ་ན། ཉེས་པ་དངོས་སུ་སྟོན་པའི་བརྟག་ཐབས་དང་ངན་གཡོ་སྐྱོན་བརྟག་དང་༌། སྤང་བླངས་མུ་བཞིར་བརྟག་པ་སོགས་ཡོད་པ་ལས་ནད་གསོ་བར་ཡོད་ན་དེས་ཆོག་ནི་ཉེས་པ་དངོས་སྟོན་གྱི་བརྟག་ཐབས་དེ་ཡིན།
དེ་ལ་སློང་བ་རྒྱུའི་སྒོ་ནས་བརྟག་པ་དང༌། མཚན་ཉིད་རྟགས་ཀྱི་སྒོ་ནས་དང༌། ཕན་གནཽད་གོམ་པའི་སྒོ་ནས་བརྟག་པ་རྣམས་སུ་ཡོད་ཅིང༌། མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་ལའང་གང་ལ་བརྟག་པའི་གཞི། ཉེས་པ་གསུམ་གྱི་མཚན་ཉིད་རྣམས་འཕེལ་ཟད་འཁྲུགས་པ་དང༌། གསོག་ལྡང་གི་མཚན་ཉིད་ལ་བརྟག་པ་དང༌། བརྟག་ཡུལ་དབང་པོ་ལྔ། ཡུལ་ལྔ༌། དྲི་མ་ལྔ་རྣམས་ལ་བརྟག་པ་དང༌། བརྟག་སྒོ་ཡུལ་དུས་རང་བཞིན་ན་ཚོད་ཉིན་ཞག་ཟས་ཟོས་དང་ནད་ཀྱི་གནས་རྣམས་སུ་བརྟག་པ་དང༌། བརྟག་ཚུལ་བལྟ་རེག་དྲི་བའི་སྒོ་ནས་བརྟག་པ་དང༌། ཕན་གནོད་གོམ་པ་བསྟེན་པས་བརྟག་པའི་རིག་པ་སོགས་ཡོད།
ལྷག་པར་ནད་གཞི་གང་ཡང་སྤྱིའི་བརྟག་ཚུལ་གྱིས་ཁོག་དབུབས་ནས་སྒོས་ཀྱི་བརྟག་ཐབས་སོ་སོར་ཡོད་པ་ལས་འདིར་གཉན་ནད་སྒོས་ཀྱི་བརྟག་ཐབས་མདོར་བསྡུས་འགའ་ཞིག་འགོད་པ་ལ། འཆི་མེད་བདུད་རྩི་བུམ་པའི་བརྟག་ཐབས་ཉི་ཟླ་ཁ་སྦྱོར་ལས། རྒྱུགས་འགྱེལ་ནག་པོ་སུམ་སྒྲིལ་ལ༔ བརྟག་ཐབས་རྣམ་པ་གསུམ་ཡོད་དེ༔ དང་པོ་སྐྱ་རིམས་སྤྱི་ཡི་བརྟགས༔ བར་དུ་ཁྱད་པར་གཉན་གྱི་རྟགས༔ ཐ་མ་དོན་ལ་བབས་པའི་རྟགས༔ ཞེས་མདོར་བསྟན་དང༌། དང་པོ་སྐྱ་རིམས་གཡོ་དུས་སུ༔ གདོན་གྱི་སོ་པས་བཟུང་བ་དང་༔ ནད་ཀྱི་རླངས་ཀྱིས་ཐེབས་པའི་རྟགས༔ སྔོན་ལ་རྨི་ལམ་ཉག་ཉོག་འོང་༔ ལུས་པོ་ཁ་ལྕེ་རྩེ་འདར་ཁྱེར༔ ལུས་ན་མགོ་ཁྱོམས་ཡན་ལག་འཁྱུག༔ དཔྱི་རྐེད་ཚིགས་དང་རུས་མིག་ཁོལ༔ མིག་རིལ་ན་ཞིང་གཡལ་སྦྲིད་མང་༔ ལུས་འདར་ཁོང་ལྕི་ཤེས་པ་ཉོག༔ རྩ་ནི་གྲིམས་ཤིང་ཕྲ་ལ་སྤུན༔ སྙིང་མི་དགའ་ཞིང་འགྲོ་སྙིང་འདོད༔ རྣ་བ་འུར་ཞིང་མགོ་བོ་འཕྱོ༔ མགོ་ན་ལུས་ལྕི་ཕྲུམ་སེར་ཁྱེར༔ ཁ་མངལ་ལྕེ་སེར་དང་ག་འགག༔ རླུང་ཚད་གཉིས་ཀྱི་རྟགས་འབྱུང་བས༔ བརྟག་པ་ཤིན་ཏུ་དཀའ་བ་ཡིན༔ ཞེས་ཐོག་མའི་སྤྱི་རྟགས་དང༌། ཡང་དེ་ཉིད་ལས། བར་དུ་ཁྱད་པར་གཉན་གྱི་བརྟགས༔ ཨན་སྟོང་དང་པོ་ན་ཞྀང་སྐྲངས༔ གཟུགས་འཛིན་ཆུ་ཡི་དཀྱིལ་འཁོར་ལ༔ རྩ་རིས་དམར་པོ་མཐུར་དུ་འོང་༔ རོ་འཛིན་འོག་ཏུ་ནག་ཐིག་འོང་༔ སྟེང་དུ་འབྲུམ་པ་དཀར་པོ་འོང་༔ དྲི་འཛིན་སྣ་ཡི་རྩེ་མོ་དང་༔ རྣ་བའི་རྩེ་མོ་ནག་པོར་འགྲོ༔ སོག་པའི་སྟེང་དུ་ཤ་བཀྲ་འོང་༔ སྲིན་ལག་རྩ་འཕར་དྲག་ཏུ་རྡེག༔ ཆུ་ནི་མར་ནག་འདྲ་བ་བྱུང༔ ན་མ་ཐག་ནས་གཟེར་བ་འོང་༔ གཟེར་མ་ཐག་ནས་ལུ་བ་འབྱུང་༔ ལུ་མ་ཐག་ནས་དུ་ཁུར་འོང་༔ རྟགས་རྣམས་ཐམས་ཅད་ཚང་ན་འཆི༔ གཉིས་གསུམ་ལ་སོགས་བྱུང་ཡང་ཐུབ༔ ཅེས་གཉན་གྱི་མི་འགྱུར་བའི་རྟགས་དང༌། ཐ་མ་དོན་ལ་བབས་རྟགས་ནི༔ སྙིང་བབས་ནུ་མཆིན་སོག་ཐོག་ན༔ ཤེས་པ་གསལ་འགྲིབ་བླ་ཅོལ་སྨྲ༔ དབུགས་ཐུང་མིག་རྒོད་འགུལ་ན་འགྱེལ༔ རོ་འཛིན་སེར་ནག་སྒྲིལ་མར་འོང༔ གློར་བབས་རྒྱབ་སྟོད་གཟེར་ཞིང་ན༔ གློ་ལུ་མི་ཤེས་དབུགས་མི་བདེ༔ ལུད་པ་དམར་སེར་སྨུག་པོར་འོང༔ དྲི་འཛིན་ཀླུ་ཡིས་བཟུང་བ་འདྲ༔ མཆིན་བབས་རྩིབས་མ་གཡས་སུ་གཟེར༔ རོ་སྟོད་ན་ཞིང་དབུགས་ཀྱིས་འདེགས༔ ལུད་པ་སེར་སྨུག་དག་ཏུ་འབྱུང་༔ མཆེར་བབས་རྩིབས་མ་གཡོན་དུ་གཟེར༔ ཁོང་སྨད་སྦོ་ཞིང་རྩ་ཆུ་སྡོམ༔ སྨྲ་བྱེད་མཆུ་སྐམ་རྩ་ཆུ་འགག༔ མཁལ་མ་གཉན་གྱི་ལམ་ཡིན་པས༔ སྒྲ་འཛིན་མི་གསང་འུར་སྒྲ་འབྱིན༔ ཁ་ཆུ་འཛག་ཅིང་མཁལ་རྐེད་ན༔ མཁལ་བབས་མཁལ་ཁུང་རྐེད་པ་གཟཻར༔ རྒྱུ་ལོང་སྒྲ་འབྱིན་སྒྲེག་གུ་འབྱིན༔ རྐང་པ་བཤལ་ཞིང་རྣ་བ་གཟེར༔ ཚོན་ཚོགས་ཀུན་གྱི་ལུད་པ་ཡིན༔ ཞེས་བྱེ་བྲག་དོན་སྣོད་སོ་སོར་བབས་རྟགས་དང༌། གཞན་ཡང་རྒྱུད་འདིར་ཆུ་ལ་བརྟག་ཚུལ་ཐུན་མོང་མིན་པ་འགའ་ཞིག་ཡོད་༡༧པ་ལས་འདིར་གཅིག་སྨོས་ན། ཆུ་ལ་བརྟག་པའི་དུས་སུ་༔ ཚད་རྟགས་རླུང་དུ་སྟོན༔ གཉན་རྟགས་མཁྲིས་པར་སྟོན༔ མཁྲིས་རྟགས་གཉན་དུ་སྟོན༔ ཐམས་ཅད་གཉན་དུ་བསྡོངས་ནས་རྟགས་དངོས་སུ་སྟོན་པ་མིན་ཏེ་བརྟག་པ་ཤིན་ཏུ་དཀའ་བས་ཆུ་ལ་ངེས་པ་རྙེད་པར་བྱའོ༔ ཞེས་བརྟག་པ་ཀུན་ལས་ཆུར་བརྟག་པ་གལ་ཆེ་བ་གསུངས་ནས། ཇི་ལྟར་ངེས་པར་བྱ་ཚུལ་ནི། དེ་ཉིད་ལས། དེ་ཡང་ཚད་པ་ཤས་ཆེ་བའི་ནད་ལ་ཆུ་དཀར་པོའམ་སྔོན་པོ་བྱུང་ན་གྲང་བ་ཡིན་པའི་ངེས་པ་མེད་པས༔ གཉན་ཚད་གཏིང་དུ་གབ་པ་ཡིན་པས་ཆུ་རླུང་གྲང་བ་ཡིན༔ རླུང་ཤས་ཆེ་བའི་ནད་ལ་ཆུ་སེར་པོའམ་དམར་པོ་བྱུང་ན་ཚད་པ་ཡིན་པའི་ངེས་པ་མེད་ཅིང༔ རླུང་ནད་མཁལ་མར་འགྲིམ་པ་ལ༔ ཆུ་ནི་དམར་པོ་བྱུང་བ་ཡིན༔ དེ་ལ་སྲིན་སྡེ་གཟན་ལ་བབས་སམ་ལྟ༔ ཞེས་བྱུང་བས་དེ་ནི་སད་མདས་བརྟག་པ་ཡིན་ཏེ༔ ཆུ་མདོག་གཡའ་ཆུ་ལྟ་བུ་མི་ལྡོག་པ་ཞིག་བྱུང་ན༔ དེ་ལ་ཛ་ཏི་དང་ན་ལེ་ཤམ་དང༔ སུག་སྨེལ་དང༔ དབྱི་མོང་དཀར་པོ་བཞི་ཞིབ་པར་བཏགས་ཏེ་ཆུ་ལ་བཏབ་ལ༔ སངས་དུས་མི་ལྡོག་ན་གྲང་བ་ཡིན༔ ལྡོག་ན་གཏིང་དུ་གབ་པའི་ཚ་བ་ཡིན༔ ཆུ་མདོག་དམར་པོ་ཚད་པ་འདྲ་བ་ལ༔ ག་པུར་དང་༔ ཙན་དང་དཀར་པོ༔ ཏིག་ཏ༔ བ་ཤ་ཀ་བཞི་ཞིབ་པར་བཏགས་ལ་ཆུ་ལ་བཏབས་པས་དུས་སུ་ལྡོག་ན་གཉན་ཚད་ཡིན༔ ཞེས་སོགས་དེང་དུས་རིག་གསར་གྱིས་ཆུ་དང་ཁྲག་ལ་རྫས་འགྱུར་སྣ་ཚོགས་ཀྱིས་བྲན་ཏེ་བརྟག་ཐབས་དུ་མ་འབྱུང་བ་རྣམས་མཐོང་བས་གཞུང་འདི་དག་ལས་བསྟན་པའི་བརྟག་ཐབས་རྣམས་ལ་ལྷག་པར་ངེས་པ་སྟེར་བར་འགྱུར་བ་ཡིན་ནོ།།
ཡང་དེ་ཉིད་ལས། རྒྱུགས་འགྱེལ་ནག་པོ་གསུམ་སྒྲིལ་གྱི༔ འཇུག་པའི་སྒོ་དང་འགྲིམས་སའི་འཕྲང་༔ གནས་སའི་ཡུལ་དང་འཁྲས་སའི་རྫོང་༔ ཞེས་གཉན་ནད་ཀྱི་རིགས་རེ་རེ་འང་འཇུག་སྒོ། རྒྱུ་ལམ། གནས་ཡུལ། བཙན་རྫོང་དང་རིགས་ཀྱི་ཁྱད་པར་གྱི་རྟགས་དང༌། རྟེན་འབྲེལ་རྫས་ཀྱི་བརྟག་པ་དང༌། འཚོ་འཆི་བརྟག་པ་སོགས་ཞིབ་པར་བདུད་རྩི་བུམ་པའི་རྩ་བཤད་ཀྱི་རྒྱུད་དང༌། སློབ་དཔོན་འདྲིས་པའི་ཞལ་སོགས་ལས་ཤེས་དགོས།
བཅོས་ཐབས།
ནད་གཞི་གང་ཞིག་འཆོས་ཀྱང་བཅོས་ཐབས་ལས་ཀྱང་བཅོས་ཚུལ་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། བཤད་རྒྱུད་ལས། ནད་ལ་གསོ་ཐབས་དཔག་ཏུ་མེད་མོད་ཀྱང༌།།གསོ་ཚུལ་མེད་ན་མུན་ནག་མདའ་འཕེན་འདྲ།།༡༨ཞེས་དགྲ་ལ་དམག་འཐབ་པའི་བྱ་བ་མཚོན་ཆ་བསྣུན་པ་ལས་དམག་བྱུས་མཁས་པ་ཤིན་ཏུ་གལ་ཆེ་བ་ཇི་བཞིན་ཡིན་ནོ།། དེ་ལ་སྤྱིའི་གསོ་ཚུལ་དང༌། བྱེ་བྲག་གི་གསོ་ཚུལ། ཁྱད་པར་གྱི་གསོ་ཚུལ་སོགས་རྒྱུད་ཆེན་ལས་ཞིབ་པར་བསྟན་པ་ལྟར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་སློབ་དཔོན་མཁས་པའི་ཉམས་མྱོང་དང་སྦྱར་ཏེ་གོམ་པ་རང་རྒྱུད་ལ་ཐོབ་པ་གནད་ཆེ་བ་ཡིན།
དེ་ལ་འདིར་གཉན་ནད་སྒོས་ཀྱི་གསོ་ཚུལ་འཆི་མེད་བདུད་རྩི་བུམ་པ་ལས་གསུངས་པ་འགའ་འགོད་པ་ལ། དེ་ལ་བཅོས་ཐབས་རྣམ་པ་གསུམ༔ གཉན་དང་ཚ་བ་རླུང་དུ་བཅོས༔ དང་པོ་གཉན་གྱི་རི་བོ་བསྙིལ༔ བར་དུ་ཚ་བའི་མེ་དབལ་བསད༔ ཐ་མ་རླུངབཅོས་ལུས་པོ་གསོ༔ གཉན་གྱི་རི་བོ་སྙིལ་བ་ལ༔ བཅོས་ཐབས་རྣམ་པ་གསུམ་ཡོད་དེ༔ རྒྱལ་པོ་གདན་ལ་ཕབ་ནས་སུ༔ གཞུང་བཞིན་སྨན་གྱིས་བཅོས་པ་དང་༔ ནད་རིགས་ངོ་ཡིས་བཟུང་ནས་སུ༔ གྱེན་པོ་ཐུས་སུ་བཏུ་བ་དང༔ སྒྱུ་ལུས་དུམ་བུར་བཏུབ་ནས་སུ༔ མདེ་ཐུང་གར་བབས་བཅོས་པའོ༔ ཞེས་ཐོག་མར་གཉན་གྱི་རི་བོ་སྙིལ་བའི་བཅོས་ཐབས་དང༌། དེ་ལའང་ལྟག་ཚན་རྒྱལ་པོས་བཅོས་པ། དཔའ་ཚན་བློན་པོས་བཅོས་པ། རྣོ་མྱུར་འབངས་ཀྱིས་བཅོས་པ་གསུམ་དང༌།
གཉིས་པ་ནད་རིགས་ངོ་ཡི་བཟུངས་ནས་གྱེན་པོ་ཐུས་སུ་བཏུ་བ་ལ། ས་མེ་ཚ་བ་བསིལ་དུ་བཅོས་པ། ཆུ་རླུང་གྲང་བ་དྲོད་དུ་བཅོས་པ་དང༌། གསུམ་པ། སྒྱུ་ལུས་དུམ་བུར་བཏུ་པ་ལ་མགོ་ནས་རྐང་པའི་བར་གྱི་ཆ་ཤས་བྱེ་བྲག་གང་དུ་ན་བ་ལ་གཉེན་པོ་མགར་བ་མཁས་པའི་ལག་ཆ་བཞིན་དུ་བཅོས་པ་སྟེ་གཞུང་གི་རྒྱུ་གཟེར། གག་པ། ལྷོག་པ། ཀླད་གཟེར། ནང་ལྷོག ཉྭ་ལོག་སོགས་ཕོགས་སའི་འབེན་གྱི་ཁྱད་པར་གྱིས་ནད་གཞི་གཙོ་བོ་དང༌། དེའི་བླ་བརྣན་སོགས་ཀྱི་སྣང་ཚུལ་དང་གནས་ཚུལ་སྣ་ཚོགས་འབྱུང་བ་རྣམས་རང་རང་གི་སྒོས་ཀྱི་གཉེན་པོ་དང༌། གསོ་ཐབས་རྣམས་རང་རང་གསོ་ཐབས་ཀྱི་ལག་ལེན་བཞིན་བཅོས་པ་དང༌། གཉིས་པ་ཚ་བའི་མེ་དབལ་གསོད་པ་ལ། གཉེན་གྱི་རི་བོ་བསྙིལ་བ་ཡིས༔ ཚ་བ་རང་ཞིར་ཆོམ་ནས་འགྲོ༔ ཞེས་སྤྱིར་གཉན་སོད་ནས་ཚ་བ་ཟུར་དུ་བཅོས་མི་དགོས་པར་ཆོམ་འགྲོ་ཡང༌། ནད་རིགས་འགར་གཉན་སོད་ཀྱང་ཚ་བ་མ་ཆོམ་ན་ཚ་བའི་མེ་དབལ་གསོད་ཐབས་དགོས་པས་དེ་ཡང་ཚ་བའི་མེ་དབལ་གསོད་པ་དེ་ལའང་བཞི་སྟེ། དྲག་པོ་མེ་ཡི་ཚ་བ་གསོད་པ། མགོ་ཕུར་ས་ཡི་ཚ་བ་བཤུ་བ་དང༌། སྟོང་པ་རླུང་གི་ཚ་བ་འགེང་པ་དང༌། རྙིང་པ་ཆུ་ཡི་ཚ་བ་བསྒྱུར་བ་སྟེ་གསུམ་གྱིས་ཚ་བའི་མེ་དབལ་གསོད་དགོས། བཞི་པ། ཐ་མ་རླུང་བཅོས་ལུས་ཟུངས་གསོ་བ་ལ། འཚོ་བ་ངན་སྤང་བཟང་པོ་བསྟེན༔ དེ་ཡང་ཚད་ལྡན་མཁས་པས་དཔྱད༔ ནད་དྲག་ལུས་པོ་མ་སོས་ན༔ གཅོང་ཅན་ནད་དུ་སོང་དོག་ཡོད༔ དེ་ཕྱིར་ཤ་བཅུད་མར་ལྡན་བསྔགས༔ མཁས་པས་ན་བ་ལོག་དོགས་བྱ༔༡༩ ཞེས་ནད་རྗེས་ཚད་ལྷག་འདོན་ཞིང་ལུས་ཟུངས་གསོ་ཐབས་སོགས་མན་ངག་རྒྱུད་ཀྱི་རི་ཐང་མཚམས་དང་སྟོངས་ཚད་གསོ་བའི་ལག་ལེན་དང་མྱོང་བས་བརྒྱན་པར་བྱས་ཏེ་མཐའ་གཅོད་དགོས་པ་ལས། བག་མེད་རང་བཟོས་ཐཽ་ཅོ་མང་ན་ཟུངས་ཟད་རླུང་གི་ཚ་བ་དང་ཚ་བར་ལོག་དོགས་ཡོད་པས་རི་ཐང་མཚམས་སུ་སྤྱང་སྟེ་ཁྲ་འདྲ་དགོས་པའི་མན་ངག་དྲན་པར་བྱ་དགོས་པ་ཡིན་ནོ།།
དེ་ལྟར་རྒྱུད་ཆེན་བདུད་རྩི་བུམ་པའི་ལག་ལེན་ཅུང་ཟད་ཙམ་བློ་ལྡན་དག་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པའི་གཞུང་དེར་འཇུག་པར་སྤྲོ་བའི་སླད་དུ་སྨོས་པ་ལགས་ན། ཞིབ་པར་བླ་མ་བསྟེན་སྟེ་སྣོད་རུང་དུ་བྱས་ནས་གདམས་ངག་ལ་དོན་གཉེར་ཆེན་པོས་ཚུལ་བཞིན་ཞུགས་པ་ལས་ངེས་པ་སྟེར་ནུས་ཀྱི་གཞན་དུ་ཐབས་ཀྱིས་བརྐུ་བ་དང༌། གཞོག་སློང་བྱེད་ཅིང་སློབ་དཔོན་གསང་སྟེ་རང་ཆེ་འབྱིན་པ་དང༌། གཡོ་སྒྱུས་འགྲོ་བའི་ནོར་ལ་འཇབ་པ་རྣམས་ཀྱིས་ནི་གདམས་ངག་འདི་དག་གི་ཕྱོགས་མགོ་ཙམ་ཡང་རྟོགས་པར་མི་འགྱུར་རོ།།
སྨྲས་པ།
འདི་ན་འགའ་ཞིག་མཁས་པའི་གོ་འཕང་ལ།
རེ་ཡང་མཁས་པའི་རྒྱུ་ལས་རིང་དུ་བྱོལ།།
གཞན་དག་བློ་ལྡན་ངག་གི་དཔལ་དགའ་ཡང༌།།
རྨོངས་དང་ལྐུགས་པའི་དཔལ་ལ་ཆས་པ་བཞིན།།

ལ་ལ་ཤེས་བྱའི་ཕ་མཐའ་འཚོལ་འདོད་ཀྱང༌།།
འདྲེན་བྱེད་ཡ་ཞར་གཡག་གིས་རྩྭ་ལ་བཞིན།།
ཕལ་ཆེར་རང་གི་ཕ་མེས་གཅེས་ནོར་ལ།།
འཕོངས་རྟུག་ཕྱིས་པའི་རྡོ་བཞིན་སྐྱུར་བ་མཐོང༌།།

ཀྱེ་མ་ཁྱོད་ཀྱི་སྙིང་ལ་ཁྲག་ཡོད་ན།།
རང་གི་གཅེས་ནོར་རང་གིས་གཅེས་སྤྲས་གྱིས།།
གྲོགས་དག་གཞན་གྱི་མཆིང་བུ་མ་ལེན་པར།།
རང་ལའང་ནོར་བུ་ཡོད་པ་མཁྱེན་པར་མཛོད།།
ཅེས་གཉན་ནད་ཀྱི་སྐོར་ཅུང་ཟད་བཤད་པ་འདི་ནི་སྨན་རྒྱལ་ངུར་སྨྲིག་འཆང་བའི་རྣམ་པར་རོལ་པ་སྡེ་དགེ་ཀཿཐོག་པ་མཁན་ཆེན་ཁྲོ་རུ་ཚེ་རྣམ་སོགས་དམ་པ་དུ་མའི་ཞབས་ཀྱི་པད་མོ་སྤྱི་བོར་བླངས་པའི་སྐལ་བཟང་ཐོབ་པས་བློ་ཡི་འདབ་མ་ཅུང་ཟད་ཁ་བྱེ་བ། མདོ་ཁམས་སའི་ཐིག་ལེར་ལྟེ་ཁྲག་ཕོ་བ་འཚོ་བྱེད་དྷིའ༔མིང་ཅན་གྱིས་སངས་རྒྱས་ཀྱི་ཆོས་འཁོར་གང་དུ་བསྐོར་བའི་གནས་མཆོག་སཱརནཱ་ཐར་གློ་བུར་དུ་བྲིས་པའི་ཡི་གེ་བ་ནི་རིག་པའི་གནས་འདི་ལ་གཅིག་ཏུ་འགྲུས་པ་སྦྲ་གཉིས་ཟླ་བ་ཚེ་རིང་ནས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག། །།
དཔྱད་རྩོམ་གྱི་དཔྱད་གཞིའི་ཡིག་ཆ།
  འཆི་མེད་བདུད་རྩི་བུམ་པའི་རྩ་རྒྱུད་བདུད་རྩི་བུམ་ཆེན།       རྡོར་འབུམ་ཆོས་གྲགས་ཀྱི་གཏེར་མ།
འཆི་མེད་བདུད་རྩི་བུམ་པའི་རྩ་རྒྱུད་བདུད་རྩི་བུམ་ཆུང༌།  རྡོར་འབུམ་ཆོས་གྲགས་ཀྱི་གཏེར་མ།
འཆི་མེད་བདུད་རྩི་བུམ་པའི་བཤད་རྒྱུད་ཉི་ཟླ་འཁོར་ལོ། རྡོར་འབུམ་ཆོས་གྲགས་ཀྱི་གཏེར་མ།
འཆི་མེད་བདུད་རྩི་བུམ་པའི་སྲུང་བ་རྡོ་རྗེ་ཁྲབ་རིང༌།   རྡོར་འབུམ་ཆོས་གྲགས་ཀྱི་གཏེར་མ།
༥བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་རྒྱུད་ཀྱི་དུམ་བུ་བཞི་པ་མན་ངག་ཡོན་ཏན་རྒྱུད། གཡུ་ཐོག་ཡོན་ཏན་མགོན་པོ།
༦ ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན། སྡེ་སྲིད་སངས་རྒྱས་རྒྱ་མཚོ།
མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས། སྡེ་སྲིད་སངས་རྒྱས་རྒྱ་མཚོ།
༨ མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཀྱི་ཞལ་ཤེས་བཀྲོལ་བ་མཁའ་འགྲོའི་རྒྱ་མདུད།
སྨིན་གླིང་ངག་དཔལ།
༩ ལྷན་ཐབས་ཀྱི་བརྡ་དོན་ལེགས་པར་བཀྲལ་བ་རྣམ་རྒྱལ་ཨ་རུའི་འཕྲེང་བ། སོག་པོ་ལུང་རིག་བསྟན་དར།
༡༠ ཤེས་བྱ་སྤྱིའི་ཁོག་འབུགས་གཏན་པ་མེད་པའི་མཆོད་སྦྱིན། ཟུར་མཁར་བློ་གྲོས་རྒྱལ་པོ།
༡༡ གདུག་པའི་ནད་ངན་ཏྲེ་ཏྲེ་ཧོ་བཅོས་པའི་གདམས་པ་ཐེངས་སོས་ཟླ་བའི་ཐིགས་པ། དེལ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས།
༡༢ དུས་ནད་ནག་པོ་སུམ་སྒྲིལ་གྱི་བཅོས་ཐབས་བདུད་རྩི་བུམ་སྙིང༌། དེལ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས།
མཆན།
༡ དུས་རབས་བཅུ་གཅིག་པར་བྱོན་པའི་གཏེར་སྟོན་རྡོ་འབུམ་ཆོས་གྲགས་ཀྱིས་བྱང་སྤྲ་བདུན་རྩེའི་རྟ་མགྲིན་དྲེག་ཟེར་གྱི་ཐུགས་ཀ་ནས་གདན་དྲངས་པའི་བདུད་རྩི་བུམ་ཆེན།
༢ རྒྱུ་ལུས་གསོ་བའི་སྨན། བྱང་སེམས་གསོ་བའི་དམ་ཆོས། བསྟན་པ་སྲུང་བའི་མཐུ།
གསོ་ཐབས་བདུད་རྩི་བུམ་ཆེན་ལས། འཆི་མེད་བདུད་རྩིའི་བུམ་པའི་རྩ་རྒྱུད། རྡ་ས་དཔེ་མཛོད།
མན་ངག་རྒྱུད་ཀྱི་རིམས་ལེ།
འཆི་མེད་བདུད་རྩི་བུམ་པ། 
འཆི་མེད་བདུད་རྩི་བུམ་པའི་རྩ་རྒྱུད། རྡ་ས་དཔེ་མཛོད།
 མན་རྒྱུད་རིམས་ལེ།
༨ ལྷན་ཐབས་ཀྱི་བལ་ནད་སྤྱི་སྒེར་རག་རིམ་བཅོས་པ། བོད་ཀྱི་པར་མ།
མན་ངག་ལྷན་ཐབས། རྒྱུད་དང་བདུད་རྩི་བུམ་པའི་དགོངས་པ་ཟུང་དུ་བསྒྲིལ་བ། བོད་ཀྱི་ཤིང་པར།
༡༠ འཆི་མེད་བདུད་རྩི་བུམ་པའི་རྩ་རྒྱུད། རྡ་ས་དཔེ་མཛོད།
༡༡ འཆི་མེད་བདུད་རྩི་བུམ་པ།
༡༢ སྡེ་སྲིད་ཀྱི་མན་ངག་རྒྱུད་ཀྱི་ལྷན་ཐབས། ལྷ་སའི་ཤིང་པར།
༡༣ རྒྱལ་མཆོག་ལྔ་པ་དང་དུས་མཉམ་དུ་ཕེབས་པའི་འགྲོ་འདུལ་ཞིག་པོ་གླིང་པའམ་ཉི་གྲགས་གཏེར་ཆེན་གྱི་ཁྲོས་མའི་ལས་ཚོགས་སུ་འཕྱི་ནད་ལྷོག་རྒོད་ཀྱི་རྒྱུ་རྐྱེན་རྟགས་སྲུང་བཅོས་ཐབས་རྗེས་བཅད་སོགས་ཤིན་ཏུ་ཟབ་པ་ཡོད།
༡༤ འཆི་མེད་བདུད་རྩི་བུམ་ཆེན་གྱི་གནམ་ལྕགས་རྡོ་རྗེ་ཁྲབ་རིང་གི་བཤད་རྒྱུད། རྡ་ས་དཔེ་མཛོད།
༡༥ ཕྱི་མ་རྒྱུད་ཀྱི་ཡོངས་གཏད་ལེའུ།
༡༦     འབྲི་ཡུལ་གཞིའི་གནད། འབྲི་བྱེད་སྣག་ཚའི་གནད།
        འབྲི་མཁན་མཆོད་གནས་ཀྱི་གནད། འབྲི་བྱ་འཁོར་ལོའི་གནད།
        བྱུག་པ་རྫས་ཀྱི་གནད། དུས་ཚོད་གཟའ་སྐར་གྱི་གནད།
        རབ་གནས་བཀྲ་ཤིས་ཀྱི་གནད། སྟེབས་པ་ལྕེབ་ཀྱི་གནད།   ན་བཟའ་དཀྲི་ཤུབ་ཀྱི་གནད།  
       ༡༠ ཚོགས་བསོག་མཆོད་སྦྱིན་གྱི་གནད། ༡༡ དམ་ཚིག་སྲུང་བའི་གནད། ༡༢ རྒྱབ་ཆོས་བསྐྱེད་རིམ་གྱི་            གནད། ༡༣ གནད་རྣམས་ཚངས་པའི་འཁོར་ལོའི་ཡོན་ཏན།
༡༧ རྡོ་རྗེ་ཁྲབ་རིང་གི་བཤད་རྒྱུད་ལག་ལེན་མ་གྷོ་ཥས་བྲིས་པ། དྷས་དཔེ་མཛོད།
༡༨ འཆི་མེད་བདུད་རྩི་བུམ་པའི་ལྡེའུ་མིག་ཁྱད་པར་ཅན།
༡༩ རྒྱུད་བཞིའི་གཉིས་པ་བཤད་པ་སྐུའི་རྒྱུད། ལྷ་སའི་ཤིང་པར།
༢༠ འཆི་མེད་བདུད་རྩི་བུམ་པའི་ལག་ལེན།


No comments: