Search This Blog

Sunday 24 April 2011

6 གསོ་བ་རིག་པ་དང་ཚེའི་རིག་བྱེད་ཀྱི་ཁྱད་པར་ལ་ཅུང་ཟད་དཔྱད་པ་ངང་པའི་བཞེད་སྒྲ།


                   མཁྱེན་བརྩེའི་ཆུ་གཏེར་གཏིང་མཐའ་དཔག་ཡས་ཤིང༌།།
                   ཐར་འདོད་ཀླུ་དབང་ཚོགས་ཀྱི་བསྟི་བའི་གནས།།
                   ཕན་བདེའི་རིན་ཆེན་མ་ལུས་འབྱུང་བའི་གཞི།།
                   བསྟན་འཛིན་རྒྱ་མཚོའི་ཞབས་པད་སྤྱི་བོས་བསྟེན།།
                   གང་མཚན་དྷཱིཿཡིག་བདུད་རྩིའི་ཟེགས་མ་ཙམ།།
                   རྣ་བའི་འདབ་མར་ལྷུང་ཡང་རྨོངས་པའི་དཔུང༌།།
                   རབ་བཅིལ་བློ་གྲོས་ཡལ་ག་ཡོངས་གྲོལ་ཞེས།།
                  གྲགས་པ་ཕྱོགས་ཀྱི་འཁོར་ལོས་འཁྱུད་ལ་འདུད།།

                  ལུས་ཅན་བདེ་བའི་ཐབས་སྒོ་གཉིས་མེད་པ།།
                 ཚངས་པས་བྱས་པའི་ཚེ་ཡི་རིག་བྱེད་དང༌།།
                 རབ་སྔ་གངས་ཅན་ཡུལ་གྱི་གསོ་དཔྱད་ཀྱི།།     
                 སྤུ་རིས་མ་འདྲེས་སོ་སོར་འབྱེད་ལ་སྤྲོ།།

                 གང་དག་ཕྱོགས་འཛིན་མུན་པས་མ་བསྒྲིབས་ཤིང༌།།
                 ཁྱད་པར་འབྱེད་པའི་བློ་མིག་རབ་བཀྲ་བ།།
                རྣམ་པར་དཔྱོད་པའི་དོན་གཉེར་འདུན་པ་ཅན།།
                གང་དག་མཆིས་ན་རྣ་བ་གླགས་པར་མཛོད།།
        དེ་ལ་ལྷོ་བྱང་གི་རྒྱ་མཚོའི་རླབས་ཀྱིས་འཕྱུར་བས་འཛམ་གླིང་གི་གཙུག་ཏོར་དུ་གྱུར་བ་བོད་གངས་ཅན་གྱི་ཡུལ་དུ་གྲགས་པའི་འགྲོ་བ་མིའི་བདེ་རྩར་གྱུར་ཅིང༌། ཡུལ་དེའི་མེས་པོ་རྣམས་ཀྱིས་ལོ་ངོ་ཁྲི་ཕྲག་བརྒལ་བའི་ཉམས་མྱོང་རིམ་བསགས་ཀྱིས་གྲུབ་པའི་བོད་ཀྱི་གསོ་བ་རིག་པའམ་གསོ་དཔྱད་འདི་ནི་ཕྱི་ནང་གི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་གང་ནས་དར་བ་དང༌། ཇི་ལྟར་དར་བ་སོགས་ཀྱི་བཤད་སྒྲོས་ཇི་སྙེད་ཅིག་སྔར་ནས་མཆིས་ཤིང༌། དེ་དང་དེའི་སྐབས་སུ་ཐོབ་ཤོར་དང་རྒྱལ་ཕམ་སོགས་ཀྱི་ཚོར་སྣང་ཟུག་གཟེར་ཅི་ཡང་མེད་པར་ལྟར་སྣང་ཡང༌།  དེང་སྐབས་འཛམ་གླིང་ཧྲིལ་པོའི་སྲིད་དོན་གྱི་འགྱུར་འགྲོས་དང༌། རིག་གཞུང་གི་འཕོ་འགྱུར་ཤིན་ཏུ་ཆེ་ཞིང༌། གོ་ལ་ཧྲིལ་པོ་གཅིག་གྱུར་བཟོ་བའི་དུས་རབས་འདིར་སླེབ་སྐབས་དེ་དང་འབྲེལ་ཡོད་རྣམས་ལ་ཚོར་སྣང་རྣོ་ཞིང་གོ་དོན་གཏིང་ཟབ་ཏུ་སོང་བས་འདིའི་གནས་ཚུལ་སྐོར་ལ་བསམ་གཞིག་མ་བྱས་མཐུ་མེད་རེད་སྙམ།
དབྱེ་ཞིབ་བྱེད་དགོས་པའི་རྒྱུ་རྐྱེན།
        དེ་ལྟ་བུའི་བོད་ཀྱི་གསོ་བ་རིག་པའི་བྱུང་རིམ་དང་ལྟ་གྲུབ་རྣམས་རང་འདོད་ལྟར་རང་གི་སྲིད་དོན་དང་ཆབ་སྲིད་ཀྱྀ་དགོས་མཁོ་བསྐོང་སླད། འགའ་ཞིག་གིས་མནའ་བོའི་རྒྱ་ནག་གི་སྨན་གཞུང་རྒྱ་བཟས་བོད་དུ་ཁྱེར་བ་སོགས་ལས་གཞི་ནས་ཡུལ་དེར་དར་བས་རྒྱ་ནག་གི་སྨན་གཞུང་ཡིན་པར་འདོད་ཅིང་སྒྲུབ་བྱེད་ལྟར་སྣང་དུ་མ་འགོད་པ་དང༌། འགའ་ཞིག་གིས་རྒྱ་གར་ནས་དར་བ་ཡིན་ཞིང་རྒྱ་གར་གྱི་ཚེའི་རིག་བྱེད་ཡུལ་དེར་མ་དར་སྔོན་དུ་བོད་ལ་སྨན་བཅོས་མེད་པར་བཤད་ཅིང་དེ་ལ་ཕྱོགས་རེའི་རིགས་པ་དང་ལུང་དོན་རང་ཕྱོགས་སུ་འཐེན་ནས་བཤད་སྒྲོས་དུ་མ་བྱེད་པ་མནའ་དེང་གཉིས་ཀར་སྣང་བར་བརྟེན་བློ་གྲོས་ཀྱི་ལང་ཚོ་མ་བརྟས་པ་རྣམས་ལྟར་སྣང་གི་གཟུགས་བརྙན་དང་གཟུགས་དངོས་གཉིས་འཁྲུལ་ནས་རེ་དོགས་སྣ་ཚོགས་བྱེད་པར་སྣང་བས་འདིར་ཐོག་མའི་ས་བོན་ཙམ་ཞིག་དཔྱད་པའི་བྱ་བ་ལ་ཞུགས་པར་འདོད་དོ།།
དཔྱད་པ་ཞུགས་པར་ངེས་པར་ཚང་དགོས་པ།
        དེ་ལྟ་བུའི་ཕྲ་བའི་དོན་གནད་ལ་དཔྱད་པར་མེད་ན་མཐའ་དག་མི་ལྡན་ཞིང༌། དེ་ཡོད་ན་ཀུན་ཚོགས་པ་ནི་གཟུ་བོར་གནས་ཤིང་རྣམ་པར་དཔྱོད་པའི་བློ་གྲོས་དང་ལྡན་པ་དང༌། དོན་གནད་གང་ཡིན་རྟོགས་འདོད་ཀྱི་འདུན་པ་བཅས་ཡིན། དེ་ལས་དང་པོ་ནི་དོན་དངོས་ཀྱི་རིན་ཐང་ལ་བརྩི་བཀུར་དང་བྲལ་བར་ཐོག་མ་ནས་རང་གི་སྟོབས་ཤུགས་དང་རིག་གཞུང་རྒྱ་བསྐྱེད་རིང་ལུགས་པའི་ལྟ་བས་སྐྱོན་ཅན་དུ་གྱུར་པ་དང༌། དེ་བཞིན་སྟོབས་ཤུགས་ཀྱིས་དོན་དངོས་བསྐྱུར་ནས་རང་འདོད་ལྟར་གཞན་ལ་དབང་བསྒྱུར་བྱེད་པ་བཙན་རྒྱལ་རིང་ལུགས་པའི་ལྟ་བ་དང༌། ཡང་ན་གཞན་དབང་སྟབས་བསྟུན་དང་རང་གི་མིག་སྔའི་ཁེ་ཕན་ཁོ་ནའི་ཆེད་དུ་དོན་དངོས་ཡལ་བར་དོར་བའི་སྙིང་ཁམས་ཅན་ནམ་སྡར་མ་བག་འཁུམ་ཅན་མགོ་འདོག་རིང་ལུགས་པ་རྣམས་ཀྱི་ལྟ་བ་རྣམས་སུ་འདྲ་ཞིག་ལ་ཡོད་ན་དེས་དཔྱད་པ་རྣམས་དོན་དངོས་དང་འཚམས་པའི་དཔྱད་པར་མི་འགྲོ་ཞིང་རང་འདོད་ཀྱི་ཕྱོགས་ཁོ་ནར་འཆོར་བའི་ཕྱིར་རོ།།
གཉིས་པ་དེ་ལྟ་བུའི་སྐྱོན་དང་མི་ལྡན་ཞིང་གཟུ་བོར་གནས་ཀྱང་གནས་ལུགས་ཀྱི་དོན་མ་ནོར་བར་དཔྱོད་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ནི་མང་དུ་ཐོས་ཞིང་ཐོས་དོན་གོམས་པས་ཉམས་སུ་མྱོང་བས་དྲངས་པ་ཞིག་མེད་ན་དེས་དཔྱད་པ་ནི་ཕྱོགས་རེ་བ་དང་རགས་པ་ཙམ་ཞིག་འགྱུར་བའི་ཕྱིར། དེ་ལྟར་གཟུ་བོར་གནས་ཤིང་རྣམ་དཔྱོད་དང་ལྡན་པ་ཡིན་ཀྱང་འདི་ལྟ་བུའི་དོན་དངོས་ཀྱི་རང་ཞལ་རྗེན་པ་གང་ཡིན་མཇལ་བའི་འདུན་པ་མེད་ན་ཁྱི་ལྟོག་ཀྱི་རྩྭ་བཞིན་གནས་ལུགས་ཀྱི་དོན་ལ་དཔྱོད་པར་མི་འགྱུར་བས་གསུམ་ཀ་ཚང་དགོས་པ་ཡིན། དེ་འདྲའི་ཁྱད་ཆོས་ལྡན་པའི་གང་ཟག་སུ་འདྲ་ཞིག་ཡིན་ཀྱང་དེས་དོན་ངོ་མའི་གནས་ལུགས་གང་ཡིན་དངོས་སུ་རྟོགས་ནུས་པ་ནི་རྣམ་བཤད་རིག་པ་ལས གཟུར་གནས་བློ་ལྡན་དོན་གཉེར་ཅན།།ཉན་པོ་སྣོད་ཅེས་བྱ་བར་བཤད། །ཅེས་ཐོས་པ་ཕུན་སུམ་ཚོགས་པ་འཚོལ་མཁན་གྱི་སློབ་མ་ཞིག་ལའང་ཁྱད་ཆོས་དེ་གསུམ་ག་ཚང་ན་དེའི་ཐོས་པ་ཚུལ་དང་མཐུན་པར་འགྱུར་ན་འདི་ལྟ་བུའི་ཁྱད་པར་དཔྱོད་པ་ལ་དེ་གསུམ་ལྡན་ན་ཅིའི་ཕྱིར་གནད་དུ་སྨིན་པར་མི་འགྱུར།
དཔྱད་འོས་པ།
        ཚེའི་རིག་བྱེད་དང་གསོ་བ་རིག་པ་གང་ཞིག་མིང་གིས་བཏགས་ཀྱང་འགྲོ་བ་ནད་ཀྱི་མནར་བ་རྣམས་དེ་ལས་གྲོལ་བའི་ཐབས་སུ་གྱུར་པ་གཅིག་གྱུར་ཡིན་པ་གླེང་མི་དགོས་མོད། འོན་ཀྱང་འཕེལ་རྒྱས་འགྲོ་བའི་རྒྱུད་རིམ་དང། དེའི་འཁོར་ཡུག་གི་ཤུགས་རྐྱེན་སོགས་ཀྱིས་ལྟ་གྲུབ་དང་ལག་ལེན་སོགས་ལ་ཁྱད་པར་ཡོད་པ་ནི་དཔེར་ན། མུ་སྟེགས་པའི་ལྟ་གྲུབ་དང་ནང་པའི་ལྟ་གྲུབ་གཉིས་ཀ་དམིགས་ཡུལ་དོན་དམ་པའི་བདེ་བ་འཚོལ་བ་གཅིག་གྱུར་ཡིན་ཀྱང་དེ་གཉིས་ཀྱི་གཞི་དངོས་པོའི་གནས་ལུགས། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་ཚུལ་སོགས་ལ་རྣམ་དཔྱོད་ཀྱི་བློ་མིག་ཡངས་པས་འཇལ་ན་ཁྱད་པར་ཆེན་པོ་ཡོད་པ་བཞིན་ནོ།། དེ་ལ་དེ་གཉིས་ཀྱི་ཐོག་མའི་བྱུང་རིམ་དང་བར་དུ་ལྟ་གྲུབ། ཐ་མའི་ལག་ལེན་གྱི་ཁྱད་པར་བཅས་ལ་དཔྱད་གཞིར་བཟུང་ནས་དཔྱད་པའི་ས་བོན་ཙམ་བཟུང་བ་ལ།
ཐོག་མའི་བྱུང་རིམ།
        སྤྱིར་ནད་ཀྱི་ཟུགས་རྔུ་སྐྱོབ་ཐབས་སུ་གྱུར་པ་གང་ཞིག་ཡིན་ཀྱང་གདོད་མའི་བཅུད་ཀྱི་སེམས་ཅན་བྱུང་བ་ནས་ལྷན་དུ་མགོ་ཚུགས་ཤིང། དེ་འདྲའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་རིང་པོའི་ལོ་ཟླའི་ནང་མེད་པ་ཡོད་པར་གྱུར་པ་དང༌། ཡོད་པ་གོང་འཕེལ་དུ་གྱུར་པ་དང༌། འཕེལ་བ་མཐའ་མེད་ཀྱི་ཕྱོགས་སུ་བསྐྱོད་པར་ངོས་འཛིན་བྱས་ན་དོན་དངོས་དང་མཐུན་པ་ནི། བསྐལ་པ་ཡ་ཐོག་གི་མི་རྣམས་ཟས་སུ་ཤ་ཟན་རྩི་ཤིང་ལ་སྤྱོད་པའི་རིང་ལ་གཡག་རྒོད་བཏུལ་ནས་འབྲི་གཡག་ཏུ་བསྒྱུར་བ་དང༌། དེ་ལས་འོ་མ་འཇོ་བའི་རིག་པ་བརྙེད་ཅིང་མར་ཁུས་རྩ་ཁ་སྡོམ་པ། འབྲུ་ཆང་སྦང་མས་སྐྲང་པོ་འཇོམས་པ་སོགས་ཀྱི་ཐབས་ཤེས་ཀྱང་དེ་ནས་ཡོད་འདུག་ཅིང༌། འདིས་མཚོན་ཟས་སྤྱོད་སྤངབླང་གི་རིག་པ་མང་པོ་བརྙེད་ཡོད་ཅིང་དེ་ནི་གསོ་བ་རིག་པའི་རྩ་བ་ངོ་མ་ཞིག་ཏུ་གྱུར་ཅེས་དང༌།
        འཛམ་གླིང་གི་གསོ་དཔྱད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་པ་ཚོས། ན་ཚ་དང་སའི་གོ་ལ་གཉིས་དུས་མཉམ་དུ་བྱུང༌།  ཞེས་གསལ་བ་ལྟར་ཡིན་མོད། འོན་ཏེ་ལོ་རྒྱུས་ཀྱི་དེབ་ཐེར་དང་དེ་ལྟ་བུའི་བྱུང་བ་བརྗོད་པ་རྣམས་ལྟར་ན། གང་ཟག་གང་ཞིག་སྐྱོན་སྤང་ཞིང་ཡོན་ཏན་ཡོངས་སུ་རྫོགས་སྟོབས་ཀྱིས་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་གཟིགས་པའི་ཡེ་ཤེས་མངོན་དུ་གྱུར་ཅིང༌། བརྩེ་བའི་སྙིང་རྗེ་ཆེན་པོའི་གཞན་དབང་དུགྱུར་པས་རང་གི་གཟིགས་པ་བཞིན་གཞན་ལ་ཐབས་མཁས་ཀྱིས་འདོམ་པ་ལས་རིམ་བཞིན་འཕེལ་བར་འདོད།
ཚེའི་རིག་བྱེད་ཀྱི་བྱུང་བ།
        དེ་ཡང་རིག་བྱེད་པ་ལྟར་ན། སྙན་ཚིག་མཆོད་སྦྱིན་སྲིད་སྲུང་དང༌།། ངེས་བརྗོད་རིག་བྱེད་བཞི་ཞེས་བྱ། །ཞེས་པ་ལྟར་རིག་བྱེད་བཞི་ཡན་ལག་དང་བཅས་པ་ཚངས་པས་བྱས་ཤིང༌། དེའང་ཚེའི་རིག་བྱེད་ནི་ཨ་ཐར་ཝེད྄་སྟེ་སྲིད་སྲུང་རིག་བྱེད་ཀྱི་ཡ་གྱལ་དུ་འདོད། དེའང་བདུད་རྩི་འདོད་དེ་ལྷ་དང་ལྷ་མིན་རྣམས་ཀྱིས་རྒྱ་མཚོ་སྲུབ་པ་ལས་བདུད་རྩིའི་སྔོན་དུ་དུག་ཧ་ལ་རྩེགས་པ་ལས་ནད་ཅེས་བྱ་བ་བྱུང་ཞིང༌། དེ་ནས་རིམ་པས་བདུད་རྩི་ཐོབ་པ་ལྷ་རྣམས་ཐོབ་ཤ་བྱས་པ་འཐོར་བ་ལས་ནད་གསོ་བྱེད་ཀྱི་གཉེན་པོར་གྱུར་པའི་སྨན་རྣམས་བྱུང་བ་དང༌། ལྷ་མིན་དབང་པོ་སྒྲ་ཅན་བདུད་རྩི་ཐོབ་ནས་བྲོས་པ་སྙེགས་པར་བསྣུན་པའི་འཁོར་ལོས་ཚངས་པའི་མཁུར་ཚོས་ལ་སྣད་པའི་རྐྱེན་གྱིས་ཚེའི་རིག་བྱེད་དྲན་ནས་གསུངས་པ་ལྷ་ཡུལ་དུ་དར་བར་བཞེད།
        དེ་ཡང་མི་ཡུལ་དུ་དར་ཚུལ་ལ་བཞེད་པ་འགའ་ཞིག་སྣང་ཡང་ཙ་ར་ཀ་ལྟར་ན། ལྷ་ཡི་སྤྱན་སོགས་མངོན་ཤེས་དང་རྫུ་འཕྲུལ་ཐོབ་པའི་དྲང་སྲོང་དུ་མ་རི་བོ་གངས་ཅན་དུ་ཏིང་ངེ་འཛིན་གྱི་དགའ་བདེར་རོལ་བའི་ཚེ། དྲང་སྲོང་ཞིག་གིས་འཛམ་བུ་གླིང་པའི་མི་རྣམས་ནད་ཀྱིས་གཙེས་བའི་ཚུལ་ཤེས་ནས་དྲང་སྲོང་རྣམས་ལ་གང་དྲགས་བགྲོ་བར། ནད་ཀྱི་སྡུག་བསྔལ་ལས་སྒྲོལ་བའི་ཐབས་ལྷའི་དབང་པོ་ཁོ་ནར་ཡོད་པར་མཁྱེན་ནས་ཕུལ་བྱུང་གི་དྲང་སྲོང་བྷ་ར་དྷྭ་ཛ་དབང་པོའི་སྤྱན་སྔར་ཕེབས་ཏེ་བསླབས་པ་མི་ཡུལ་དུ་ཐོག་མར་དར། ཁོང་ལ་མེ་བཞིན་འཇུག་སོགས་ཤེས་རབ་ཅན་གྱི་དྲང་སྲོང་དུ་མ་ཡོད་པ་རྣམས་ཀྱིས་སོ་སོའི་གཞུང་བྱས་ཤིང་རིམ་པས་དར་རྒྱས་སུ་གྱུར་པར་བཞེད། དེ་དག་གི་གཞུང་རྣམས་ལས་མེ་བཞིན་འཇུག་གིས་བྱས་པའི་རྒྱུད་ནི་ལྷའི་དབང་པོའི་དགོངས་པ་བཞིན་ཚེའི་རིག་བྱེད་ཀྱི་གཞུང་ཕུལ་བྱུུང་ཞིག་ཡིན་ཅིང་རིམ་པས་དྲང་སྲོང་ཙ་ར་ཀས་བསྡུ་བ་བྱས་པ་སོགས་གསལ།
བོད་ཀྱི་གསོ་བ་རིག་པའི་བྱུང་བ།
        བོད་ཀྱི་གསོ་བ་རིག་པ་ནི། དེང་དུས་གཟུར་གནས་མིན་པའམ་རྣམ་དཔྱོད་ཕྱོགས་རེ་བར་སོང་བ་འགའ་ཞིག་གིས་བོད་ཀྱི་རྒྱལ་རབས་སོ་གཉིས་པ་སྲོང་བཙན་སྒམ་པོ་ ༦༡༧ ལ་རྒྱ་ནག་ཐང་གི་སྲས་མོ་བཙུན་མོར་བཞེས་སྐབས་རྒྱ་བཟས་སྨན་དཔྱད་ཆེན་མོ་སོགས་བོད་སྐད་དུ་བསྒྱུར་བས་དེ་ནས་བོད་དུ་གསོ་རིག་དར་བར་སྨྲ། འགའ་ཞིག་དུས་ཚིགས་དང་བྱུང་རབས་སོགས་ཀྱི་གསལ་ཆ་མེད་པར་བོད་སྨན་གྱི་ཁྲོད་དུ་འདུ་བ་གསུམ་དང༌། འབྱུང་བ་བཞི་དང༌། རོ་དྲུག་སོགས་ཀྱི་རྣམ་བཞག་ཡོད་པས་དེ་ནི་གདོན་མི་ཟ་བར་རྒྱ་གར་གྱི་ཚེའི་རིག་བྱེད་ཡིན་པས་དེས་ན་རྒྱ་གར་ནས་དར་བ་ལས་འོས་མེད་པར་སྨྲ། དེ་ལས་ཆེས་སྔ་བའི་མཁས་པ་འགའ་ཞིག་གིས་བྱས་པའི་ཡིག་ཆར་སངས་རྒྱས་ཆོས་ལུགས་རྒྱ་གར་ནས་དར་ཞིང་དེའི་ལྟ་གྲུབ་ཀྱི་གནད་གསང་རྣམས་རྒྱ་གར་མཁས་པ་དང༌། སྟོན་པ་སངས་རྒྱས་ལ་བཏུགས་དགོས་སྟབས། ཆུ་མགོ་གངས་དང༌། ཆོས་མགོ་སངས་རྒྱས་ཟེར་བགྲོས་བཞིན་གསོ་བ་རིག་པ་དེ་ཡང་རྒྱ་གར་ལ་ཁུངས་བཅོལ་ཏེ་བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་༣༤༧ སྐབས་གསོ་བ་རིག་པ་དབུ་བརྙེས་པའི་ཐ་སྙད་བྱེད་པ་སོགས་ཕྱོགས་རེ་བ་དང་སོ་སོའི་འདོད་ཕྱོགས་དང་ཁེ་ཕན་སྒྲུབ་བྱེད་དུ་གྱུར་པ་འགའ་ཞིག་སྣང་བ་རྣམས་དངོས་སྟོབས་ཀྱི་རིག་པས་དཔྱད་བཟོད་མིན་ཏེ། ཟུར་མཁར་བློ་གྲོས་རྒྱལ་པོས། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བའང་མ་ངེས་ཏེ། བོན་ལ་བརྟེན་པའི་གསོ་བ་རིག་པ་ཇི་སྙེད་ཅིག་ཡོད། ཅེས་དང༌། སྲོང་བཙན་གྱིས་གསོ་དཔྱད་ཀྱི་སྲོལ་གཏོད་ཟེར་བའང་མི་འཐད་པའི་ཆ་ཤིན་ཏུ་མང༌། ཞེས་དང། མི་དབང་སངས་རྒྱས་རྒྱ་མཚོས། སྤྱིར་ཀླ་ཀློ་སོགས་ཁོལ་བུ་རེ་གཉིས་ལས་མི་རིགས་ཡིན་ནོ་ཅོག་ལ་རང་རང་གི་ཡི་གེ་ཡོད་པར་གྲགས་ཤིང་མངོན་སུམ་དུའང་སྣང་ལ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་དྲི་མེད་འོད་ལ་སོགས་པར་ཡང་དེ་བཞིན་དུ་བཤད། ཅེས་དང༌། ཟས་ཀྱི་ཕན་གནོད་ཤེས་པ་དང༌། རྨ་ལ་མར་ཁུ་བཏབ་ནས་རྩ་ཁ་སྡོམ་པ་དང༌། སྦང་མའི་འཇིབ་བྱེད་པ་སོགས་ཀླ་ཀློ་དང་བོད་དུ་མི་ཆགས་པ་ནས་བཟུང་ཡོད་པར་ཁ་ཅིག་གྲགས་རུང༌། སྤྱི་སྐད་ལྟར་ན་ལྷ་ཐོ་ཐོ་རི། ཞེས་སོགས་སྤྱི་སྐད་དམ་ཟེར་བགྲོས་ཙམ་ལས་རང་ལུགས་སུ་མི་བཞེད།
        དུས་ཕྱིས་ཀྱི་བོད་རིག་པའི་ཞིབ་འཇུག་པ་མགར་རྩེ་རྟ་མགྲིན་རྒྱལ་གྱིས། བོད་ཀྱི་གསོ་རིག་སྨན་གྱི་རིག་པ་དེའང་སངས་རྒྱས་ཆོས་ལུགས་མ་དར་གོང་དང༌། ཐང་བོད་ཀྱི་འབྲེལ་པ་མ་བྱུང་གོང་གི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་སྔོན་དུ་ཡོད་པ་སུས་ཀྱང་སྙོན་དུ་མེད། ཅེས་སོགས་མནའ་དེང་གི་གཟུར་གནས་མཁས་པ་དུ་མས་ལོ་རྒྱུས་དེ་ཉིད་ཞལ་བཞེས་མཛད་མེད། འོ་ན་གོང་གསལ་དུས་ཚིགས་དེ་དག་གི་སྔོན་དུ་བོད་ལ་བོད་ཀྱི་གསོ་བ་རིག་པ་ཡོད་པ་གང་གིས་ཤེས་ཤེ་ན། བོན་གྱི་བསྟན་འབྱུང་རྣམས་ལས་དེའི་སྔོན་ལ་གསོ་རིག་ཡོད་པ་གྲུབ་གྲུབ་པ་ཡིན་པས་ཧ་ལས་དགོས་དོན་གང་ཡང་མེད་པ་གཤམ་དུ་རིམ་པས་གསལ་ཞིང༌། ཕྱིས་ཀྱི་ཆོས་འབྱུང་དང་ལོ་རྒྱུས་རྣམས་ལྟར་ན། སྤྱི་ལོའི་སྔོན་གྱི་ལོ་བརྒྱ་ཕྲག་གཉིས་པར་ ༡༩༥ BC  བྱོན་པའི་བོད་གཅིག་གྱུར་བཟོ་བའི་རྒྱལ་པོ་ཐོག་མ་ཁྲི་བདུན་ཚིགས་ཀྱི་སྲས་ལྡེ་ཉག་ཁྲི་བཙན་པོ་བོད་ཁམས་ཀྱི་རྒྱལ་པོར་གཤེགས་པའི་སྔོན་ནས་ཞང་ཞུང་ནས་རྒྱུའི་བོན་བོད་དུ་དར་ཟིན་པ་ལ་ཤེས་པ་བཅུ་གཉིས་ཀྱི་ཐ་སྙད་བྱས་པ་ནི་བྱ་མ་ལས། བོད་ཀྱི་ཡུལ་དུ་སྒོམ་ལྷ་བོན་ལྷ་སྲས་དང༌། ལྡོང་ལྷ་བོན་ལ་སོགས་པ་ཤེས་པ་ཅན་བཅུ་གཉིས་ཀྱིས་མཚན་ལྟས་ཁྲུས་གསོལ། རྒྱལ་པོར་ཕྱུང་བ་གཉའ་ཁྲི་བཙན་པོ་ཞེས་གསལ་ཞིང༌། ཆོས་འབྱུང་འགའ་ཞིག་ལས་ཤེས་པ་ཅན་བཅུ་གཉིས་ཞེས་པ་རིག་གནས་སམ་ཤེས་བྱ་དེ་དག་རྟོགས་པའི་གང་ཟག་ཅིག་ལ་མ་གོ་བར་གང་ཟག་རང་ག་བའི་མིང་དུ་བཟུང་ནས། ལྷ་རི་གྱང་མཐོར་བབས་པའི་མི་གསར་པ་ཞིག་བརྫི་བོ་བཅུ་གཉིས་ཀྱིས་གཉའ་བར་ཁྲི་བྱས་ནས་ཁུར་བས་དེ་ལྟར་བཏག་ཟེར་བ་ནི་དོན་མེད་དོ།
དེ་ཡང་ཤེས་པ་ཅན་བཅུ་གཉིས་ནི། མགོན་ཤེས་ལྷ་བོན། གཡང་ཤེས་ཕྱྭ་བོན། འདྲེ་ཤེས་གླུད་གཏོང༌། འདུར་ཤེས་སྲིད་གཤེན། གཙང་ཤེས་སེལ་འདེབས། སྒྲོལ་ཤེས་ལྡ་བྱེད། ཕན་བྱེད་སྨན་དཔྱད། སྐོར་ཤེས་རྩིས་མཁན། སྨྲང་ཤེས་གཏོང་དགུ ལྡེང་ཤེས་ཤ་བ། འཕུར་ཤེས་ཇུ་ཏིག འགྲོ་ཤེས་འཕྲུལ་བོན་ཏེ་བཅུ་གཉིས་ཡིན་ཞིང༌། དེའང་ཕན་ཤེས་སྨན་དཔྱད་ནི་གསོ་བ་རིག་པ་ཡིན་ཏེ། བོད་ཀྱི་ཆོས་འབྱུང་འགར་གཉའ་ཁྲི་བོད་བདག་མེད་ཀྱི་རྒྱལ་པོར་གཤེགས་སུ་གསོལ་བར་དོགས་པ་དྲུག་དྲིས་པར་དུག་ཡོད་ཅེས་པའི་ལན་དུ་རྩིབས་ལྷ་ཀརྨ་ཡོག་ལྡེས་དུག་ལ་སྨན་འཆིས་སོགས་ཀྱི་ལན་ཕུལ་བར་གསལ་བས་དེ་ལྟར་ཆེས་སྔ་བའི་དུས་ནས་དུག་དང་སྨན་གྱི་ཕན་གནོད་ཀྱི་འགྲོ་ལྡོག་དང་གདེང་ཚོད་ཡོད་པས་དེ་ལས་མི་རབས་བཅུ་ཕྲག་དུ་མ་བརྒལ་བའི་རྗེས་ལ་གཞི་ནས་ཡུལ་གཞན་གྱི་གསོ་ཐབས་ཀྱི་རིག་པ་བླངས་ནས་གདོད་བོད་ལ་སྨན་དར་བ་ཡིན་ཟེར་བ་ནི་རང་ཉིད་དགའ་བའི་གཏམ་ཁོ་ནར་ཟད་དོ།། དེ་ཁོ་ན་ཙམ་དུ་མ་ཟད་རྒྱལ་རབས་སུམ་ཅུ་པ་འགྲོ་གཉན་ལྡེའུ་ས་གདོན་གྱིས་ཟིན་པ་འཁོར་ལ་མི་འཕྲོའི་ཆེད་གསོན་དུར་དུ་བཞུགས་པར་བཤད་པ་ལྟར་ན། འགོ་ནད་ཀྱི་རང་བཞིན་དང༌། འགོ་ཚུལ་ཤེས་པ་སོགས་གསོ་རིག་ལག་ལེན་གྱི་གོ་རྟོགས་ཤིན་ཏུ་མཐོ་བར་གསལ། དེའི་སྲས་དམུ་ལོང་དུ་འཁྲུངས་པ་སྤྱན་ཐུར་མས་ཕྱེས་པ་སྐྱིད་ཤོད་སྟག་མོ་རིར་གཉན་འདུག་པ་གཟིགས་པ་སྟག་རི་གཉན་གཟིགས་སུ་མཚན་བཏགས་པ་སོགས་སྐབས་དེ་དུས་ཀྱི་བོད་ཀྱི་གསོ་བ་རིག་པའི་ལག་རྩལ་གྱི་ཆུ་ཚད་ལྟར་མཐའ་བཞིའི་རྒྱལ་ཁབ་གང་ལའང་མེད་པར་གཟུར་གནས་རྣམས་གླེང་བར་བྱེད་ན་ཡུལ་གཞན་ནས་མགོ་འཛུགས་བྱེད་དོན་མེད་པ་ལོང་བས་ལྟས་པའི་རྒྱལ་ཁམས་ཀྱི་དཔེར་སོང་སྙམ།
   དེ་ལྟར་གདོད་མ་གཉའ་ཁྲིའི་སྔོན་ནས་ཡོད་པའི་གསོ་བ་རིག་པ་དེའི་བསྟན་པའི་ཆུ་མགོ་ནི་ཞང་ཞུང་གི་གསོ་བ་རིག་པ་ཡིན་པ་གོང་གི་ལུང་དོན་དང༌། ཏུང་ཧོང་ནས་བརྙེད་པའི་བོད་ཀྱི་གསོ་བ་རིག་པའི་མེ་བཙའི་བཅོས་ཐབས་སུ། དཔྱད་ཡིག་འདི་རྒྱལ་པོའི་ཕྱག་སྦལ་ནའང་མེད་དེ་ཞང་ཞུང་གི་དཔྱད་ཕུག་པ་དང་སྦྱར་ནས་བྲིས་སོ།། ཞེས་གསལ་བས་ན། ཞང་ཞུང་ལ་གསོ་བ་རིག་པས་མཚོན་པའི་ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་ཡོད་པར་ཤིན་དུ་གསལ་བར་རྗེས་སུ་དཔོག་ནུས། དེས་ན་མནའ་དེང་གཉིས་ཀར་བོད་ཀྱི་ལོ་རྒྱུས་རིག་པ་ལ་མཁས་པ་རྣམས་བོད་ཀྱི་རྒྱལ་བརྒྱུད་དང་རུས་བརྒྱུད་ཚོ་པ། རིག་གནས་སོགས་ཀྱི་ཁུངས་ཞང་ཞུང་ལ་བཏུག་ནས་དཔྱད་པར་སྣང་བས་གསོ་བ་རིག་པའི་རྩ་བའང་དེ་ལ་ཐུག་པ་ནི་ལོ་རྒྱུས་རིག་པ་དང༌། དངོས་ཡོད་གནས་ཚུལ་དང༌། སྤྱི་ཚོགས་ཚན་རིག་གི་ཆོས་ཉིད་བཅས་དང་ཡོངས་མཐུན་པར་སྣང་ངོ༌།།
དེས་ན་ཞང་ཞུང་གི་གསོ་རིག་ཇི་ལྟར་ཡིན་ཅེ་ན། དེ་ནི་འདི་ནས་བགྲངས་པའི་མི་ལོ་ཆིག་ཁྲི་བརྒྱད་སྟོང་ལྷག་བརྒལ་བའི་སྔོན་དུ་རྒྱལ་བ་གཤེན་རབ་མི་བོ་མི་འཛེད་ཚེ་ལོ་བརྒྱ་བའི་འགྲོ་བའི་དཔལ་དུ་ཞང་ཞུང་འོལ་མོ་ལུང་རིང་དུ་ཕེབས་ཤིང༌། ཁོང་གི་འདུལ་བྱ་རྣམས་བདེ་ལ་འགོད་པའི་ཆེད་དུ་བོན་ནམ་ཆོས་སྒོ་མཐའ་ཡས་པ་ཞིག་གསུངས་པ་རྣམས་བསྡུ་ན་རྒྱུ་འབྲས་ཀྱི་ཐེག་པ་རིམ་པ་དགུར་འདུ་ཞིང༌། གཡུང་དྲུང་བོན་ལ་རྒྱ་ཆེ་གྲངས་མང་ཡང༌། མདོ་རུ་བསྡུས་ན་ཐེག་པ་རིམ་དགུ་གསུང༌། ཞེས་པ་ལྟར་ཕྱྭ་གཤེན་ཐེག་པ། སྣང་གཤེན་ཐེག་པ། འཕྲུལ་གཤེན་ཐེག་པ། སྲིད་གཤེན་ཐེག་པ་སྟེ་རྒྱུའི་ཐེག་པ་བཞི་དང༌། དགེ་བསྙེན་ཐེག་པ། དྲང་སྲོང་ཐེག་པ། ཨ་ཀར་ཐེག་པ། ཡེ་གཤེན་ཐེག་པ། ཡང་རྩེ་བླ་མེད་ཐེག་པ་སྟེ་འབྲས་བུའི་ཐེག་པ་ལྔ་བཅས་དགུར་གསུང་པ་ལས། གསོ་བ་རིག་པ་ནི་ཕྱྭ་གཤེན་ཐེག་པའི་ནང་ཚན་ཡིན་ཏེ། དེ་ནི་ཐོག་མར་ཕྱྭ་གཤེན་གཙུག་ཕུད་ཅན་གྱིས་སྟོན་པ་ལ་ཞུས་ངོར་གསུངས་ཤིང༌། ནང་གསེས་སུ། སྤྱི་རུ་གཏོ་དཔྱད་གཉིས་ཡིན་ཏེ། །སྒོས་སུ་རྣམ་པ་བཞི་རུ་བསྟན།། པྲ་ལྟས་མོ་དང་རྣོ་མཐོང་རྩིས། །ནད་གསོ་གཏོ་དང་འཆི་བླུ་དཔྱད། །ཞེས་པ་ལྟར་མཐའ་ཡས་པ་སྣང་ཞིང༌། དེ་ལ་དཔྱད་རྒྱུད་ཉི་ཁྲི་ཆིག་སྟོང་ནི་དཔྱད་བུ་ཁྲི་ཤེས་ལ་གསུང་པ་ཡིན་ནོ།།
        དེ་ལ་དཔྱད་བུ་ཁྲི་ཤེས་ནི། སྟོན་པ་འདས་ཀྱང་བསྟན་པ་མི་ནུབ་ཆེད།། ལོག་པ་འདུལ་ཕྱིར་རྒྱལ་བའི་སྲས་བཞི་བཞག །ཅེས་པ་ལྟར་བདུད་རྒྱལ་རམ་པ་དུག་འབྱེད་ཀྱིས་ནད་ཀྱི་བསྐལ་བ་དར་བར་བྱས་པའི་གཉེན་པོར་ཐོད་དཀར་སྲས་ཀྱི་ཡབ་ཀྱི་རྟ་ལ་བརྒྱུད། ཧོས་བཟའ་རྒྱལ་མེད་ཡུམ་གྱི་སྐུ་ལ་བརྟེན་ནས་ཤིང་སྤྲེ་ལོར་བལྟམས། སྤྱི་ལོའི་སྔོན་ ༡༨༤༩༦ མཚན་མཁན་གྱིས་དཔྱད་བུ་ཁྲི་ཤེས་སུ་མཚན་གསོལ། ཡབ་སྟོན་པ་ལས་དཔྱད་རྒྱུད་ཉི་ཁྲི་ཆིག་སྟོང་གསན་ནས་མདོ་དགུ་འབུམ་བཞིར་བསྡུ་བ་མཛད་དེ་གསོ་རིག་གི་བསྟན་པའི་བདག་པོར་གྱུར་པ་ནི་བསྟན་པ་གཉེར་གཏད་ཀྱི་མདོ་ལས། དཔྱད་རྒྱུད་ཉི་ཁྲི་ཆིག་སྟོང་རྣམས། །དཔྱད་བུ་ཁྲི་ཤེས་དག་གིས་བསྡུས། །ཞེས་པ་ལྟར་རོ།། དེ་ལྟར་དཔྱད་བུ་ཁྲི་ཤེས་ཀྱིས་བསྡུས་པའི་མདོ་དགུ་དང་འབུམ་བཞི་སོགས་ནི་དྲང་སྲོང་བརྒྱད། གདུང་འཚོབ་མུ་ཆོ་སོགས་ནས་འཛམ་གླིང་མཁས་པའི་རྒྱན་དྲུག ལོ་པཎ་མཁས་པ་མི་བཞི་སོགས་བརྒྱུད་དེ་འཛམ་གླིང་ཀུན་ཏུ་སྤེལ།          ལྷག་པར་བོད་ཀྱི་ཡུལ་དུ་ཐོག་མར་གཤེན་རབ་མི་བོ་ཞལ་བཞུགས་དུས་སྟོན་བ་ཉིད་བོད་ཡུལ་ཁ་བའི་ལྗོངས། ས་གནས་ཁྱད་པར་ཅན་ཀོང་པོ་བོན་རིར་ཕེབས་ནས་རྒྱུའི་བོན་འགའ་ཞིག་བསྟན། དེའི་སྐབས་ནས་དཔྱད་རྒྱུད་འགའ་ཞིག་སྤེལ་བར་སྣང་ཞིང་ལྷག་པར་བོད་རྗེ་གཉའ་ཁྲིའི་དུས་སུ་ནམ་མཁའ་སྣང་བ་མདོག་ཅན་དང༌། ལོ་པཎ་མཁས་པ་མི་བཞི་སོགས་ཀྱིས་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་དུ་མ་བསྟན་ཞིང་དེ་དག་ཞང་ཞུང་སྨར་གྱི་སྐད་ལས་སྤུར་རྒྱལ་བོད་ཀྱི་སྐད་དུ་བསྒྱུར་བ་རྒྱལ་རབས་དང་བསྟན་འབྱུང་ཁུངས་ཐུབ་རྣམས་སུ་གསལ། དེ་ཡང་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་ལས། དེ་དུས་རྒྱ་གར་ཆོས་དང་རྒྱ་ནག་རྩིས། །ཁྲོམ་ལ་སྨན་དཔྱད་བོད་དང་ཞང་ཞུང་ན། །གཡུང་དྲུང་བོན་སྡེ་མདོ་སྔགས་སེམས་གསུམ་དར། །སྨན་དང་གཙུག་ལག་དེ་ཡི་ཆ་ལག་ཏུ་ཡོད། །ཅེས་པས་གསལ། བར་དུ་དུས་རབས་དགུ་པར་བོན་སྣུབ་སྐབས་བོན་དང་འབྲེལ་ཡོད་ཀྱི་དཔེ་རྣམས་གཏེར་དུ་སྦས་པ་དང་མཉམ་དུ་འབུམ་བཞིའང་སྦས་པ་ལས་ཐུགས་འབུམ་མཁའ་སྔོན་ནི་ཕྱིས་དུས་རབས་བཅུ་གཅིག་པར་གཙང་གཤེན་བུ་འཚོ་སྲིད་པའི་རྒྱལ་མོས་གཙང་སྟོད་བྱེ་མ་གཡུུང་དྲུང་ནས་གཏེར་དུ་བཞེས་ཏེ་རྨེའུ་མཁས་པ་དཔལ་ཆེན་བརྒྱུད་དེ་རྒྱ་ཆེར་སྤེལ། སྨན་འབུམ་དཀར་པོ་སོགས་གཞན་གསུམ་ནི་བན་དེ་མི་གསུམ་གྱིས་བསམ་ཡས་ནས་གཏེར་ཞལ་ཕྱེ་སྟེ་རྒྱ་ཆེར་སྤེལ་བ་ད་ལྟའང་མཇལ་དུ་ཡོད་པ་འདི་ཡིན་ནོ།། དེའང་དེ་ལྟ་བུའི་མི་ལོ་ཁྲི་ཕྲག་བརྒལ་བའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་ནས་འཚར་ལོང་དང་བརྒྱུད་འཕེལ་བྱུང་བའི་འབུམ་བཞི་འདི་ཉིད་ལ་འཁོར་ཡུག་དང་ལོ་རྒྱུས་ཀྱི་ཤུགས་རྐྱེན་དང་རྡུང་རྡེག་དུ་མ་ཞིག་ཐེབ་རུང་གཞི་རྩ་མ་སྟོར་བར་གནས་པ་འདི་བོད་ཀྱི་གསོ་བ་རིག་པར་ཞིབ་འཇུག་དང་སློབ་སྦྱོང་བྱེད་པར་མེད་དུ་མི་རུང་བའི་རྩ་ཆེའི་ཡིག་ཆ་ཞིག་ཡིན།
དེ་ལྟ་བུའི་ལོ་རྒྱུས་དེབ་ཐེར་དང༌། དོན་དངོས་ཀྱི་རིག་གཞུང་དང༌། གཞན་ཡང་དེང་སང་སྔོགས་འདོན་བྱས་པའི་མནའ་ཤུལ་རྣམས་ལས་བྱུང་བའི་བང་སོ་དང༌། རྡོ་དང་རྫ་ཆས་སོགས་མནའ་རྫས་རྣམས་ཀྱིས་ཀྱང་བོད་ཀྱི་གསོ་བ་རིག་པ་ནི་མི་ལོ་ཁྲི་ཕྲག་སྐོར་ནས་བོད་ཀྱི་ས་མཐོའི་སྟེང་དུ་འཚོ་གནས་ཡོད་པའི་དཔང་པོ་བྱེད་ཐུབ་པས་ཀྱང་དུས་རབས་ལྔ་པ་སོགས་སུ་གཞན་གྱི་སྨན་བཅོས་མ་དར་བར་བོད་མི་རྣམས་ནད་ཀྱིས་མནར་ཚེ་འཆི་བ་སྒུག་ནས་བསྡད་ཡོད་པའི་གཞན་དབང་མཐོང་ཆུང་གི་ལྟ་ཚུལ་དང་ལོག་རྟོག་མཐའ་དག་བསལ་ཐུབ་པ་ཡིན་ནོ།།
བར་དུ་ལྟ་གྲུབ།
        སྤྱིར་རིག་པའི་གཞུང་ལུགས་དང་ལག་ལེན་གང་ཞིག་ཡིན་རུང་དེའི་ངོ་བོ་དང་བྱེད་ལས་ལ་ཞིབ་འཇུག་བྱས་ཏེ་མཐིལ་ཕྱིན་པ་ཞིག་སྤུ་རིས་འབྱེད་ཐུབ་པར་དེའི་གཞི་རྩའི་ལྟ་གྲུབ་ལ་ཞིབ་འཇུག་བྱེད་རྒྱུ་དེ་གནད་ཆེན་པོ་ཡིན། དེའི་གཞི་རྩའི་གྲུབ་མཐའི་ཁྱད་པར་མ་ཕྱེ་བར་ཟེར་སྒྲོས་དང་སྤྱི་ཁོག་ཙམ་ཞིག་ལ་ཞིབ་འཇུག་གིས་དེ་ཡིན་འདི་མིན་གྱི་ཁ་ཚོན་བཅད་ཚེ་ཕྱོགས་རེ་བ་དང་ཕྱིན་ཅི་ལོག་ཏུ་འགྱུར་བ་བཅས་ཡོང་སྲིད་པས་གྲུབ་མཐའི་ཁྱད་པར་འབྱེད་རྒྱུ་གལ་ཆེ་སྙམས།
        གྲུབ་མཐའི་ཁྱད་པར་འབྱེད་རྒྱུ་དེའང་དེ་བས་དཀའ་ཚེགས་དང་མགོ་རྙོགས་ཅན་ཞིག་ཡིན་སྟབས་ངེས་པར་ཕྲ་ལ་མཛངས་པའི་རྣམ་དཔྱོད་ཀྱི་བློ་མིག་ཐོབ་པ་ཞིག་གིས་ཕྲ་ཞིང་མཛངས་པའི་བློ་གྲོས་ཀྱིས་དཔྱད་པ་གསུམ་གྱི་སྒོ་ནས་བརྟག་སྟེ་གཏན་ལ་བབེབ་པ་ལས་ཧོལ་རྒྱུགས་ཙམ་དང་ཕྱོགས་མཐོང་ཙམ་གྱིས་དེ་བས་ཀྱང་རྟོགས་མི་ནུས་པ་ཡིན།
        དེ་ལ་ཆེ་ལོང་ཙམ་དཔྱད་གཞིར་ཞུ་བ་ནི། སྤྱིར་གསོ་བ་རིག་པའི་གཞི་ནི་གསོ་བའི་ཡུལ་དང༌། གསོ་བྱེད་ཀྱི་གཉེན་པོ་དང་གཉིས་སུ་ཧྲིལ་གྱིས་འདྲིལ་བ་ཡིན། དེ་ལ་གསོ་ཡུལ་ལ་ལུས་དང་ནད་གཉིས། གསོ་བྱེད་ཀྱི་གཉེན་པོ་ལ་གཉེན་པོ་དངོས་དང༌། གཉེན་པོ་ཡུལ་དང་ཇི་ལྟར་སྤྲོད་ཚུལ་བཅས་གཉིས་དང༌། དེ་འདྲའི་གསོ་བ་པོ་སྨན་པའི་མཚན་ཉིད་བཅས་བཞིར་བསྡུ་ཡང་རུང་སྟེ། གསོ་བ་རིག་པའི་དོན་རྣམས་མདོར་བསྡུ་ན། །གསོ་བྱ་གསོ་བྱེད་ཇི་ལྟར་གསོ་བ་དང༌། །གསོ་བ་པོ་དང་རྣམ་པ་བཞི་རུ་བཤད།།༡༥ ཅེས་གསུངས་པའི་ཕྱིར།
དེ་ལ་གསོ་ཡུལ་ནད་གཞི་ལ་ཚེའི་རིག་བྱེད་ལྟར་ན། ཇི་ལྟར་གླེང་གཞིར་འཁོད་པ་ལྟར་རྒྱ་མཚོ་སྲུབ་ནས་བདུད་རྩི་ཐོན་པའི་སྔོན་དུ་བྱུང་བའི་སྐྱེས་བུ་ནག་པོ་བརྩེགས་པ་བྱུང་བ་ལྷ་ཆེན་པོ་དང་ཁྱབ་འཇུག་སོགས་ཀྱིས་ཀྱང་ཕམ་པར་མ་ནུས་པ་དེ་ཉིད་ཚངས་པས་ཧཱུྃ་རིང་གིས་གཟེར་ནས་འཐོར་བ་ལས་བྱུང་བར་བཤད་པ་སོགས་༡༦ མདོར་ན་ནད་ནི་གང་ཟག་རང་ཉིད་ནད་ཀྱི་རང་བཞིན་ནམ་ངོ་བོར་གྱུར་པ་མ་ཡིན་པར་ཕྱི་རོལ་གྱི་རྒྱུ་འབའ་ཞིག་ལས་བྱུང་བས་ནད་དང་གསོ་ཡུལ་གང་ཟག་གཉིས་སོ་སོ་བར་བཞེད།
བོད་ཀྱི་གསོ་བ་རིག་པ་ནི་དེ་ལྟར་མིན་པར་ནད་ནི་གཞན་ལ་བརྟེན་ནས་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར། གནས་ལུགས་ཀྱི་དོན་ལ་ཕྱིན་ཅི་ལོག་ཏུ་འཛིན་པའི་བདག་འཛིན་མ་རིག་པའམ་གཏི་མུག་གིས་ཉོན་མོངས་པ་སྐྱེས། དེས་ལས་འདུ་བྱས་པ་ལས་གནོད་བྱེད་དམ། ནད་དམ། སྡུག་བསྔལ་བསྐྱེད་བྱེད་བྱུང་བས། ཇི་སྲིད་མ་རིག་པ་དང་ལྡན་པ་དེ་སྲིད་དུ་འཁོར་བའི་གནས་སུ་ལུས་ཤིག་རྙེད་ཅིང༌། ལུས་རྟེན་ཇི་འདྲ་ཞིག་ཐོབ་ཀྱང་ནད་དང་མི་འབྲལ་བར་འདོད་དེ། ནད་ཅེས་བྱ་བ་དངོས་པོ་ཁ་དོག་གཅིག་ཏུ་མ་ངེས་སོ།། རྒྱུ་ནི་གཏི་མུག་མ་རིག་པ་ཉིད་གཅིག་ལས་མེད། །དེ་ཡི་ཁམས་གསུམ་འཁོར་བའི་ནད་ཀྱི་རྒྱུ། །ཞེས་དང༌། དང་པོ་ནད་འཁྲུགས་སྣ་ཚོགས་ཚུལ་ཅན་གྱིས། །གྲངས་མེད་གྱུར་པས་ལུས་ནི་གཟེར་གྱུར་བས། །དེ་རྒྱུ་རེ་རེ་བསྟན་པར་མི་ནུས་པས།། དེ་བས་ནད་ཀུན་སྤྱི་རྒྱུ་བརྗོད་པ་ནི། །བདག་མེད་དོན་མ་རྟོགས་པས་མ་རིག་ཅེས། །ནད་རྣམས་ཀུན་གྱི་རྒྱུ་ནི་གཅིག་པུ་སྟེ། །དཔེར་ན་བྱ་ནི་མཁའ་ལ་ལྡིང་གྱུར་ཀྱང༌། །རང་གི་གྲིབ་མ་དེ་དང་མི་འབྲལ་བཞིན། །འགྲོ་ཀུན་བདེ་བར་གནས་ཤིང་སྤྱོད་ན་ཡང༌། །མ་རིག་ལྡན་པས་ནད་དང་འབྲལ་མི་སྲིད། །ཅེས་གསུངས་པ་བཞིན་ཤིན་ཏུ་ཁྱད་པར་ཆེ་བར་སྣང༌། དེའང་འདི་གཉིས་ཀྱི་ལྟ་བའི་རྒྱབ་ལྗོངས་ལ་ཁྱད་པར་ཤིན་ཏུ་ཆེ་བར་གསལ་ཏེ། དེ་ལ་ཚེའི་རིག་བྱེད་ནི་རིག་བྱེད་གཞན་ལྟར་འཇིག་རྟེན་བཀོད་པ་པོ་འདོད་ཅིང་ད་ལྟའི་ནད་སོགས་སྡུག་བསྔལ། ནད་མེད་ཀྱི་བདེ་བ་སོགས་ཀྱི་ཕུན་ཚོགས་ཐམས་ཅད་བྱེད་པ་པོ་ཞིག་གིས་བྱས་ཤིང༌། དེའི་བདེ་སྡུག་མྱོང་བའི་འགྲོ་བ་རྣམས་བྱེད་པ་པོས་གང་བྱས་པ་དེ་ཁོ་ན་མྱོང་བ་ལས་འབྲེལ་བ་གང་ཡང་མེད་པར་འདོད་པ་ལ་ཐུག་ཡོད།
   གསོ་བ་རིག་པ་ནི་དེ་ལྟར་མི་བཞེད་པར། །ལས་ལས་འཇིག་རྟེན་སྣ་ཚོགས་འགོད། །ཅེས་གསུངས་པ་ལྟར་བདེ་སྡུག་ཐམས་ཅད་རང་གིས་བསགས་པའི་ལས་ལ་བརྟེན་ནས་བྱུང་ཞིང༌། ལས་ཀྱང་རྩ་བ་གཏི་མུག་ལ་ཐུག་པས་ན་དེ་ཉིད་ནད་སོགས་སྡུག་བསྔལ་ཡོད་དགུའི་རྩ་བ་ཡིན་ཞིང༌། གཏི་མུག་སྤང་བས་ལས་གསོག་པར་མི་འགྱུར་ཞིང༌། ལས་ཟད་པས་ཁམས་གསུམ་འཁོར་བའི་གནས་ལས་གྲོལ་བར་བཞེད་དེ། དེའང་མདོ་ཀློང་རྒྱས་ལས། མ་རིག་པ་ནི་ཁམས་གསུམ་འཁོར་བའི་ནད་ཀྱི་རྒྱུ་ཡིན་ཏེ། རིག་པའི་ཡེ་ཤེས་ཤར་ན་ནད་དང་གཏན་དུ་བྲལ་བའོ།། ཞེས་གསུངས་པས་ན་གནམ་ས་ལྟ་བུའི་ཁྱད་པར་ཡོད་དོ།།
        འོ་ན་རྒྱ་གར་གྱི་ཚེའི་རིག་བྱེད་ཀྱི་གཞུང་རྣམས་སུ། འགྲོ་བ་མི་འདྲ་སྣ་ཚོགས་འདི། །ཡོན་ཏན་གསུམ་དང་མི་འབྲལ་ལོ། །དེ་བཞིན་རང་ཁམས་མ་སྙོམ་པའི། །རྒྱུ་ཡང་གནས་སྐབས་ཐམས་ཅད་དུ། །ནད་རིགས་ཉེས་པ་གསུམ་མི་འབྲལ། །ཞེས་པ་གང་ཡིན་ཅེ་ན། དེ་ནི་གྲངས་ཅན་པ་ལྟར་འགྲོ་བ་མཐའ་དག་སྤྱི་གཙོ་བོའི་རྣམ་འགྱུར་ལས་རྡུལ་མུན་སྙིང་སྟོབས་གསུམ་གྱི་རང་བཞིན་ལས་མ་འདས་ཤིང༌། དེ་དག་སྙོམས་དང་མ་སྙོམས་ལས་རླུང་མཁྲིས་བད་ཀན་ཏེ་ཉེས་པ་གསུམ་དུ་གྲངས་ངེས་པ་དང་མི་འབྲལ་བར་གསུངས་པས། ཡོན་ཏན་གསུམ་གཙོ་བོའི་རྣམ་འགྱུར་ཡིན་ཅིང་དེས་ན་ཉེས་པ་གསུམ་ཡང་གཙོ་བོས་བྱས་པ་ཤིན་ཏུ་གསལ་བའི་ཕྱིར་ན་བོད་ཀྱི་གསོ་དཔྱད་ལྟར་ཉེས་གསུམ་ནད་ཀྱི་རྒྱུ་འགྱུར་ཚུལ་དང་ཤིན་ཏུ་ཐ་དད་དུ་གསལ་ལོ།།
        དེ་བཞིན་དུ་རྒྱུ་དེ་ལས་བྱུང་བའི་ནད་ཀྱི་གྲངས་ངེས་ཀྱང་ཚེའི་རིག་བྱེད་ལྟར་ཉེས་པ་གསུམ་མམ། རླུང་མཁྲིས་བད་ཀན་གསུམ་ཁོ་ནར་གྲངས་ངེས་ཤིང༌། དེ་དག་ནི་ནད་རིགས་གྲངས་དང་མིང་གི་ངེས་བསྟན་མི་ནུས་པ་ཐམས་ཅད་ཀྱི་རྒྱུ་རྐྱེན་གཞི་མཐུན་དུ་བཞེད་ལ། བོད་ཀྱི་གསོ་བ་རིག་པ་ནི་འདུ་བ་རྣམ་པ་བཞི་ཞེས། རླུང་མཁྲིས་བད་ཀན་ཁྲག་དང་བཅས་པ་ནད་ཀྱི་རྒྱུར་བཞེད་དེ། དེ་ཡི་རྒྱུ་རྐྱེན་དང་པོ་བྱུང་ཚུལ་ནི། །དང་པོ་ནད་ཀྱི་རྒྱུ་ནི་མ་རིག་པ། །མ་རིག་ཉོན་མོངས་དུག་ལྔ་དུག་གསུམ་སྟེ། །དུག་གསུམ་རྒྱུ་ལས་ནད་ཀྱི་རྒྱུ་བཞི་ལྡང༌། །རླུང་མཁྲིས་བད་ཀན་འདུ་བ་ཁྲག་ནད་བཞི། །ཞེས་ཁྲག་ཉེས་གསུམ་གྱི་སྟེང་དུ་བསྣན་ནས་ནད་བཞིའམ། འདུ་བ་བཞི་གསལ་བར་གསུངས་པ་དང༌། དངོས་ཡོད་ཀྱིས་ཀྱང་གྲུབ་སྟེ། ཁྲག་ནི་སྤྱིར་གནོད་བྱའི་ལུས་ཟུངས་ལྟར་སྣང་ཡང་ལུས་ཟུངས་གཞན་ཐམས་ཅད་ཀྱི་ནད་ཀྱི་རྒྱུ་བྱེད་དེ། ཁྲག་འཕེལ་མེ་དབལ་ཁོང་འབྲས་མཆེར་པའི་ནད། །མཛེ་སྐྲན་ཁྲག་མཁྲིས་ནད་དང་མིག་སེར་དང༌། །སྙིང་ནད་བསྐྱོད་དཀའ་མིག་དང་གཅིན་པགས་དམར། །ཞེས་པ་ལྟར་དང༌། གཞན་ཡང༌། ཁྲག་ཟད་པགས་རྩུབ་རྩ་ལྷོད་བསིལ་སྐྱུར་དད། །ཤ་ཟད་ལྷུ་ཚིགས་ན་ཞིང་རུས་པགས་འབྱར། །ཞེས་གསལ་བ་ལྟར་གྱི་ནད་རིགས་རྣམས་དང༌། གཞན་ཡང་གཅིན་སྙི་དང༌། བད་ཀན་སྨུག་པོ་སོགས་ཀྱི་ནད་རིགས་དུ་མར་འགྱུར་བ་མངོན་སུམ་གཟུགས་གྲུབ་ཏུ་སྣང་བའི་ཕྱིར་ན་ཁྲག་ལུས་ཟུངས་དང་གནོད་བྱེད་ཀྱི་ནད་གཞི་གཉི་གར་འཇོག་པ་ནི་ངོ་མཚར་ཆེ་བ་ཡིན་ཏེ་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཕྱིར་རོ།།
        དེས་ན་ཉེས་པ་གསུམ་དང་འདུ་བ་བཞིར་གྲངས་ངེས་ཚུལ་ལ་ཁྱད་པར་ཤིན་ཏུ་ཆེ་བས་ན་རྗེས་ཀྱི་ནད་གསོ་ཐབས་ཀྱི་ལྟ་གྲུབ་ལའང་ཁྱད་པར་ཆེན་པོ་འབྱུང་བ་ནི་སྨོས་ཅི་དགོས། 
ལུས་གྲུབ་ཚུལ་སོགས་ཀྱི་ཁྱད་པར།
དེ་བཞིན་ལུས་ཀྱི་གྲུབ་ཚུལ་དང༌། གྲུབ་པའི་ལུས་ཀྱི་ཆ་ཤས་རྣམས་ལའང་ཁྱད་པར་སྣང་བ་འདིར་འགའ་ཞིག་དཔྱད་གཞིར་གླེང་ན། བོད་ཀྱི་གསོ་རིག་གིས་ལུས་ཆགས་ཏེ་མའི་མངལ་དུ་འཕེལ་ཚུལ་འདི་ལྟར་སྣང་སྟེ། ཟླ་བའི་རྒྱལ་པོ་ལས། མ་ཡི་མངལ་དུ་གནས་པ་ནི། །དང་པོའི་ཞག་བདུན་ལས་ཀྱི་རླུང༌། །རྒྱུ་སྟེ་མེར་མེར་པོ་དེ་ནི། །དེས་ནི་ཀུན་གཞི་འཛིན་པའི་རླུང༌། །དང་པོའི་ཞག་ནི་གཅིག་ནའོ། །ཞག་གཉིས་མངལ་ནི་འཇུག་པའི་རླུང༌། །འབྱུང་བས་མེར་མེར་པོར་འགྱུར་ཏོ། །ཞག་གསུམ་མངལ་ནི་འཁྲུགས་པའི་རླུང༌།། འཁྲང་འགྱུར་ཞེས་པར་འགྱུར་བའོ། །ཞག་བཞི་ཀུན་ནས་བསྡུས་པའི་རླུང༌།། འབྱུང་བས་གོར་གོར་པོར་གྱུར་ཏོ། །ཞག་ནི་ལྔ་ལ་ཐལ་བྱེད་ཅེས། །རླུང་འབྱུང་ལྟར་ལྟར་པོར་གྱུར་ཏོ། །ཞག་དྲུག་པ་ན་བསྡུད་བྱེད་ཅེས། །རླུང་འབྱུང་ནར་ནར་པོར་གྱུར་ཏོ། །ཞག་བདུན་པ་ན་ཐོགས་མེད་ཅེས། །རླུང་འབྱུང་བུ་ག་ཅན་དུ་གྱུར།། བདུན་ཕྲག་གཉིས་ན་འཁོར་བ་ཞེས། །རླུང་འབྱུང་ལྟེ་བ་གནས་པའོ།།  
        ཞེས་འདིས་ཕ་མ་གཉིས་ཀྱི་ཁམས་དཀར་དམར་ཚོགས་ཀྱི་ཕྲ་རྡུལ་གཉིས་ཕྲད་པ་བདུན་ཕྲག་གཅིག་གི་ཡུན་ལ་ཇི་ལྟར་འདྲེས་ནས་དབྱིབས་དང༌། ངོ་བོ་འགྱུར་ཚུལ་དང༌། དེ་དག་མའི་མངལ་གྱི་ཆ་གང་ནས་གང་དུ་འཕོ་བ་རྣམས་ཞིབ་པར་བསྟན་པས༌། དེང་དུས་ཀྱི་ཕྲ་མཐོང་ཆེ་ཤེལ་ཐོགས་པ་རྣམས་ཀྱིས་གང་མཐོང་བ་འདི་ལས་ལྷག་པ་མེད།
ཚེའི་རིག་བྱེད་ལྟར་ན། ཟླ་བ་དང་པོ་མི་གསལ་ཞག །ཅེས་དང༌། ནུར་ནུར་པོ་ལས་ཟླ་གཉིས་པ། །གོར་གོར་མེར་མེར་ནར་ནར་པོ། །དེ་ལས་ཕོ་མོ་མ་ནིང་རིམ། །ཞེས་བདུན་ཕྲག་བཞི་པའི་སྔོན་དུ་ཁུ་ཁྲག་རྣམས་འདྲེ་བཞིན་པ་ལས་འདྲེས་ནས་ཕོ་མོའི་མཚན་མའང་གཏན་ཁེལ་མེད་པར་འདོད།  དེ་བཞིན་དུ་སྔར་ནས་ཕྱོགས་ཙམ་ཡང་འབྲེལ་བ་མེད་པ་གཞན་ལས་བྱུང་བའི་ལུས་ཀྱི་རྒྱུ་དང༌། སེམས་ཀྱི་རྒྱུ་རིགས་འདྲ་སྔ་མའི་རྣམ་ཤེས་གཉིས་གློ་བུར་དུ་འབྲེལ་བ་ཐོབ་བྱེད་ལས་དང་ཉོན་མོངས་ཀྱིས་ཇི་ལྟར་འཆིང་ཚུལ་སོགས་ནི་གཏན་ནས་མི་འདྲ་བས་མང་དུ་དོགས་ནས་འདིར་མ་བཀོད།
གྲུབ་པའི་ལུས་ཀྱི་ཆ་ཤས་འགའི་ཁྱད་པར།
       དེ་ལྟར་གྲུབ་པའི་ལུས་ཀྱི་རྣམ་བཞག་ལའང་རྒྱ་གར་གྱི་ཚེའི་རིག་བྱེད་ཀྱི་བསྡུ་བ་ཐ་མ་ཡིན་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་སོགས་ལས་གླེང་ཙམ་ཡང་མ་བྱས་པའི་ལུས་ཀྱི་རྣམ་བཞག་དུ་མ་བོད་ཀྱི་གསོ་བ་རིག་པ་ནས་ཤིན་ཏུ་ཞིབ་པར་བཤད་པ་མང་པོ་ཡོད་པ་མ་ཟད། བཤད་ནའང་བཤད་ཚུལ་དང་ལྟ་ཚུལ་ལ་ཁྱད་པར་ཆེན་པོ་ཡོད་པ་དུ་མ་ཡོད་པ་ལས་དཔེ་མཚོན་ཙམ་ནི།
ཀླད་པ། Central Nervous System
        དེའང་ཀླད་པ་ལྟ་བུར་མཚོན་ན། སྤྱིར་མིའི་དབང་རྟེན་ཀླད་པའི་གནས་ཚུལ་འཛམ་གླིང་ཐོག་གསལ་གཤད་ཐོག་མར་བྱེད་པོ་སི་པན་གྱི་སྨན་པ་ཁ་ཧེར་ཡིན་པར་མཁས་པ་དུ་མ་ཞིག་འདོད་པ་དང༌། རྒྱ་ནག་པ་རྣམས་ནི་ཀླད་པའི་གནས་སྟང་གསལ་བཤད་ཐོག་མར་བྱེད་པོ་མིང་རྒྱལ་རབས་སྐབས་ཀྱི་གསོ་རིག་མཁས་ཅན་སྨན་པ་ལིས་ཧྲིཀྲན ༡༥༡༨ - ༡༥༩༣ ཡིན་པར་སྒྲོགས་མོད། བོད་ཀྱི་གསོ་རིག་མཁས་པ་རྣམས་ནས་དེ་དག་གིས་གཏན་ལ་ཕབ་པའི་ཆེས་སྔ་རོལ་ནས་ཀླད་པ་དང༌། སྙིང་ཁམས་ཀྱི་རྣམ་བཞག་ཞིབ་པར་གཏན་ལ་ཕབ་པར་གསལ་ཏེ། དཔྱད་བུ་ཁྲི་ཤས་ཀྱིས་བསྡུས་པའི་དཔྱད་འབུམ་དང༌། དུས་རབས་བརྒྱད་པ་ཙམ་ནས་གཏན་ལ་ཕབ་པའི་བཤད་རྒྱུད་ལས། དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ། །ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར། །ཞེས་དང༌།  མན་རྒྱུད་ལས། ཀླད་པ་ལས་བྱུང་རྩ་དཀར་མཐུར་དུ་ཟུག །ཕྱི་རྩ་དོན་འབྲེལ་ནང་རྩ་ཡན་ལག་འབྲེལ། །ནང་རྩ་དར་གྱི་དཔྱང་ཐག་བཅུ་གསུམ་སྟེ། །ཞེས་སོགས་ཕྱིའི་གཟུགས་སོགས་ཡུལ་ལྔ་མིག་སོགས་དབང་པོ་ལྔའི་ཡུལ་དུ་འཆར་བ་འམ་ལོངས་སུ་སྤྱོད་པ་ཀླད་པ་དང་འབྲེལ་བའི་བྱེད་ལས་སུ་བསྟན་པ་དང༌། དེ་ཙམ་དུ་མ་ཟད་ཀླད་པ་ནི་སྙིང་སོགས་ནང་གི་དོན་སྣོད་རྣམས་དང་འབྲེལ་ཞིང་དེ་དག་གི་བྱ་བ་རྣམས་ཀྱི་བཀོད་འདོམ་དང༌། དེ་བཞིན་ཕྱི་ཡན་ལག་རྣམས་དང་འབྲེལ་ཞིང་དེ་དག་གི་རྩ་རྒྱུས་དང༌། ཉྭ་རྣམས་ལ་བཀོད་འདོམ་བྱས་ཏེ་བརྐྱང་བསྐུམ་འབྱེད་འཛུམས་སོགས་བྱ་བ་མཐའ་དག་ཀླད་པ་དང་འབྲེལ་བས་བྱེད་པར་བསྟན་ཡོད།
        དེ་དང་མཚུངས་པར་ཟླ་བའི་རྒྱལ་པོ་ལས། ཀླད་པའི་གྲུབ་ཆ་དང་བྱེད་ལས་སོ་སོར་ཞིབ་པར་བཤད་པ་ལས་འགའ་ཞིག་འགོད་པར། ཀླད་པའི་དབང་པོ་དག་དང་འབྲེལ། །ལུས་ལ་དབང་བས་ལུས་དབང་ངོ༌། །ཀླད་པ་དང་ནི་ཀླད་སྙིང་ངོ༌། །ཀླད་སྙིང་རྟ་མིག་ཕྱེད་པ་འདྲ། །མིག་དང་རྣ་བ་སྣ་དང་ནི། །རྩ་རྒྱུས་ཆུ་བ་དེ་དང་འབྲེལ། །འཕར་རྩ་བཞི་དང་གྲོགས་བཞིའི་རྩ། །རྒྱུས་པ་བཞི་དང་ཆུ་བ་བཞི། །ཀླད་པའི་སྙིང་དང་འབྲེལ་བ་སྟེ། །ལ་ལས་ཀླད་པའི་རྒྱ་ཡང་ཟེར། །ཞེས་ཀླད་པ་ནི་ལུས་ཀྱི་ཕྱི་ནང་གི་ཆ་ཤས་ཕྲ་མོ་ཚུན་ལ་བཀོད་འདོམ་བྱེད་པ་པོའམ་དབང་བསྒྱུར་བ་པོ་ཡིན་པ་དང༌། དེ་ལ་ཆ་ཤས་རགས་པར་ཀླད་པ་དང་ཀླད་སྙིང་གཉིས་སུ་དབྱེར་ཡོད་ཅིང༌། ཀླད་སྙིང་(Cranial Nervous)ལས་མིག་སོགས་དབང་པོ་ལྔ་དང༌། སྙིང་སོགས་དོན་སྣོད་རྣམས་དང་འབྲེལ་ཞིང༌། ཕྱིའི་གཟུགས་སོགས་ཡུལ་འཆར་བ་དང༌། ཁྲག་བཟོ་འགྲེམས་སོགས་ལུས་ཟུང་དོན་སྣོད་རྣམས་ཀྱི་བྱ་བ་ཀུན་ལ་དབང་བསྒྱུར་བྱེད་པོ་སྟེ་ལུས་ཀྱི་དབང་པོ་ཡིན་པར་བཤད་པ་སོགས་ཉེ་ཆར་ཚན་རིག་པ་དུ་མས་སྡིག་སྡུག་གཏམ་ངན་ལ་མ་འཛེམས་པར་བཙལ་ནས་བརྙེད་པ་དང་རྙེད་བཞིན་པ་ལས་ལྷག་པའི་ཀླད་པའི་གནས་སྟངས་དང༌། དེའི་གྲུབ་ཆ་བྱེད་ལས་རྣམས་ཞིབ་པར་གཏན་ལ་ཕབ་འདུག་པས་འཚོལ་ཤེས་མཁན་ཞིག་བྱུང་ན་འདི་ནས་བརྙེད་པར་འགྱུར་གྱི་གཞན་དུ་མེད་སར་བཙལ་བ་བཞིན་ཅི་ཐོབ་སྟོར་མེད་པས་ཚེའི་རིག་བྱེད་ལ་འདི་དང་མཚུངས་བསྡུར་བྱ་ཡུལ་མེད་སྙམས།
སྙིང་ཁམས།
       དེ་བཞིན་དུ་སྙིང་དང་སྙིང་གི་བྱེད་ལས་བསྟན་ཚུལ་ལའང་ཁྱད་པར་སྣང་སྟེ། སྤྱིར་སྙིང་ཁམས་ནི་ལུས་ཀྱི་གལ་གནད་ཆེན་པོ་ཡིན་པར་ཐོག་མར་གཏན་འབེབས་བྱེད་མཁན་ནི་ཨི་ཇིབ་ཀྱི་སྐྱེ་དངོས་རིག་པ་དང༌། མཚན་ཉིད་རིག་པ་མཁས་ཅན་ཨ་རི་སྚོཌལ་ལེ་ས་Arystoteles སྤྱི་ལོའི་སྔོན་གྱི་  BC ༢༨༤་༣༢༢ ཡིན་པར་དེང་དུས་ཀྱི་མཁས་པ་རྣམས་སྨྲ་བར་བྱེད། དེ་ཡང་ཁོང་གི་ལུས་གྲུབ་ཚུལ་གྱི་གསང་བ་ཞེས་པའི་ཆེད་རྩོམ་ནང༌། སྙིང་ཁམས་ནི་ལུས་པོའི་ནང་གི་གལ་ཆེའི་དབང་རྟེན་ཡིན་པ་དང༌། འགུལ་བསྐྱོད་ཀྱི་ཐོག་མ་དང༌། མཇུག་སྡུད་ཀྱི་ཐ་མ་ཡིན་པར་བཤད་ཡོད། བོད་ཀྱི་གསོ་བ་རིག་པས་ནི་སྙིང་ཁམས་ཀྱི་ངོ་བོ་དེ་དང་མཐུན་པར་བཤད་ཡོད་པ་མ་ཟད། གྲུབ་ཆ་དང་བྱེད་ལས་ནི། དེ་ལས་ཆེས་ཞིབ་པ་དང་གསལ་བར་དེའི་སྔོན་ནས་གཏན་ལ་ཕབ་ཟིན་པ་ཤིན་ཏུ་གསལ་ཏེ། དཔྱད་བུ་ཁྲི་ཤེས་ཀྱིས་བསྡུས་ཤིང་བན་དེ་མི་གསུམ་གྱིས་བསམ་ཡས་ནས་གདན་དྲངས་པའི་གསོ་བྱེད་དཔྱད་འབུམ་ཁྲ་བོ་ལས། སྙིང་ནི་རྒྱལ་པོ་གདན་ལ་བཞུགས་པ་འདྲ། །ཞེས་དང༌། དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ། །སྙིང་ལ་སྲིད་ཅིང་རྩ་ཕྲན་ལྔ་བརྒྱས་སྐོར། །ཞེས་དང༌། རྩ་གཅིག་བར་དུ་ཟུག་པས་སྲོག་རྩ་ཆགས། །ཞེ་སྡང་སྲོག་རྩ་ཁྲག་ལ་བརྟེན་ནས་གནས། །ཞེས་དང། དེ་བཞིན་དུ་ནད་འབུམ་ནག་པོ་ལས། སྙིང་ནི་རྒྱལ་པོ་ཚེ་སྲོག་སེམས་ཀྱི་རྟེན། །སུལ་གསུམ་ནང་ན་རྩ་ལྔ་རླུང་རྩ་དབུས།། རླུང་ཁྲག་འདྲེན་པའི་རྩ་བཞི་ཕྱོགས་བཞིར་གནས། །རྒྱུད་བཞི་ལས་ཀྱང་ཚིགས་རྐང་གཅིག་ལ་ཁྱད་པར་མེད་པར་འབྱུང༌། ཞེས་ཚེ་སྲོག་རྒྱལ་པོའི་རྒྱལ་སྲིད་ལྟ་བུར་མཚོན་ན་སྙིང་རྒྱལ་པོ་ལྟ་བུ་ཡིན་ཏེ། རྒྱལ་སྲིད་ཀྱི་མངའ་ཐང་འཕེལ་འགྲིབ་དང་བདེ་སྐྱིད་ནི་རྒྱལ་པོ་ལ་རག་ལུས་པ་དང༌། རྒྱལ་སྲིད་འཛིན་སྐྱོང་གྱི་བྱ་བ་སྒྲུབ་མཁན་ཕྱི་ནང་གི་བློན་པོ་སོགས་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ཀྱི་རྒྱལ་སྲིད་ཀྱི་བྱ་བ་མཐའ་དག་རྒྱལ་པོའི་བཀོད་འདོམ་ལ་རག་ལས་པ་བཞིན། མཆིན་པ་དང་རྒྱུ་མ་སོགས་དོན་སྣོད་རྣམས་ཀྱི་རང་རང་གི་ཐུན་མིན་གྱི་བྱ་བ་རྣམས་སྙིང་གི་བྱེད་ལས་ལ་རག་ལས་ཤིང་ཕན་ཚུན་ལྟོས་ཚབ་ཆེན་པོ་ཡིན་པ་དང༌། རྒྱལ་པོ་མ་ཉམས་པར་གནས་ན་རྒྱལ་སྲིད་མི་ཉམས་ཤིང༌། དེ་ཉམས་པར་རྒྱལ་སྲིད་ཉམས་པར་འཇོག་པ་བཞིན་སྙིང་གི་བྱེད་ལས་ཚུལ་བཞིན་བྱེད་རིང་ལུས་སྲོག་གནས་པ་དང༌། དེའི་བྱེད་ལས་ཉམས་པས་ཚེ་སྲོག་འདོར་བས་སྙིང་ནི་ཧ་ཅང་གལ་ཆེན་ཡིན་པར་བསྟན་ཡོད། དེ་བཞིན་དུ་སྙིང་ནི་དྲན་པའི་དབང་པོ་གསལ་བར་བྱེད་པ་སྟེ། མིག་གི་རྣམ་ཤེས་སོགས་ལྔ་པོ་གཟུགས་སོགས་ཕྱི་རོལ་གྱི་ཡུལ་ལ་འཇུག་པར་བྱེད་པའི་རྐྱེན་ནི་ཀླད་པའི་ཕྲ་རྡུལ་རྣམས་ཀྱིས་བྱེད་ཅིང་སྔོན་པོ་ལ་སོགས་པ་མཐོང་བ་དང༌། དེ་དག་སྔོན་པོའོ་སྙམ་དུ་རྣམ་ཤེས་ཚོགས་དྲུག་སྐྱེ་བར་བྱེད་པའི་རྒྱུ་ངོ་མ་ནི་སྙིང་གར་གནས་ཤིང་རྒྱུ་བའི་རླུང་ཁམས་ཡིན་པར་བཤད་པ་དང༌། དེ་བཞིན་སྙིང་ནི་ལུས་ཆགས་པའི་ཐོག་མ་ཡིན་ཅིང༌། ཀླད་པ་སོགས་ལུས་སྟོད་སྨད་ཀྱི་རྩ་ཁམས་དང་ཆ་ཤས་རྣམས་རིམ་པས་དེའི་བྱེད་པས་ཆགས་པར་གསུངས།
        སྙིང་གི་ཞིབ་ཕྲའི་གྲུབ་ཆ་སྐོར་ཟླ་བའི་རྒྱལ་པོ་ལས། སྙིང་རྩ་བརྒྱད་པོ་ཁྲག་གིས་གང༌། །བཞི་ནི་རླུང་གིས་གང་བ་འོ། །འཕར་རྩ་རླུང་གིས་གང་བ་སྟེ། །ཤེས་པ་དག་དང་གསུམ་འགྲོག་སྟེ། །འཕར་བར་བྱེད་ཅིང་དུས་ཚོད་དང༌། །བླ་རྩ་སྙིང་རྩ་ཞེས་བྱ་འོ། །གྲོགས་ནི་དོན་དང་སྣོད་ཀྱི་རྩ། །སོ་སོའི་སྒལ་མཁར་རེ་རེའོ། །ཞེས་དང༌། །སྙིང་ལ་ཐམས་ཅད་འདུས་པ་ནི། །ཀུན་གཞི་གནས་ཀྱི་འཁོར་ལོ་འོ།། ཞེས་སྙིང་ལ་ཁྲག་ཚུར་བསྡུ་བའི་སྡོད་རྩ་དང༌། སྙིང་ནས་ཕར་ལུས་ཀྱི་ཆ་གཞན་ལ་འགྲེམ་པའི་འཕར་རྩའི་སྒོ་རྣམས་བསྟན་ཅིང༌། དེའང་སྙིང་གི་རླུང་དང་ཁྲག་དང་ཤེས་པའམ་འདིར་འདོད་པ་ཀུན་གཞིའི་རྣམ་ཤེས་གསུམ་གྱི་བྱེད་པས་ཀ་བ་དང་གདུང་འཁྱིམ་གྱི་ཚུལ་གྱིས་མདོར་ན་སྲོག་འཚོ་བར་འགྱུར་བའི་ལུས་ཀྱི་བྱ་བ་མཐའ་དག་བྱེད་པ་དང༌། དེ་དག་ཀྱང་ཕྱིའི་དཔྱིད་སོགས་དུས་རྣམས་ཀྱི་འབྱུང་བའི་རང་བཞིན་གྱི་བྱེད་པས་ནང་མཆིན་པ་སོགས་དོན་སྣོད་རྣམས་ཀྱི་ཁམས་ཀྱི་ངོ་བོ་ཉིད་འགྱུར་སྟོབས་ཀྱི་ཁྱད་པར་དང་བཅས་ཏེ་བྱེད་པར་གསལ། འདིར་གསལ་པའི་ཀུན་གཞིའི་རྣམ་ཤེས་ཀྱིས་ཕྱིའི་ཡུལ་ཆོས་རྣམས་དབང་པོའི་གྲོགས་དང་བཅས་ཏེ་མྱོང་ཚུལ་ཐུན་མོང་མིན་པ་དུ་མ་ཟླ་བའི་རྒྱལ་པོ་ལས་གསུངས་ཡོད་པས་དེར་རྒྱུས་ལོན་པ་ལས་ཤེས་ཤིང་འདིར་འབྲི་བའི་ངལ་བ་བྱས་མེད། བརྒྱད་པ་སོགས་ཚེའི་རིག་བྱེད་ཀྱི་གཞུང་རྣམས་སུ་སྙིང་གི་མིང་ཙམ་ལས་ཞིབ་ཕྲའི་རྣམ་བཞག་བསྟན་པ་ཉུང་བས་འདིར་མཚུངས་བསྡུར་བྱ་བའི་གཞི་མ་མཆིས་སོ།།
བསམ་སེའུ།
       བསམ་སེའུ་ཞེས་པ་ལུས་ཀྱི་གལ་ཆེའི་དོན་སྣོད་ཀྱི་ཡ་གྱལ་ཡིན་པར་བོད་ཀྱི་གསོ་རིག་གཞུང་ལས་ཆེས་སྔ་བར་བསྟན་པར་སྣང་ཞིང༌། འདི་དང་ཕྱོགས་འདྲ་ཙམ་ཞིག་རྒྱ་ནག་གི་གནའ་རབས་ཀྲུང་དབྱི་ལས་བཤད་ཀྱང་དེ་གཉིས་ཀྱིས་དོན་སྣོད་དེའི་བྱེད་ལས་དང་ཡོན་ཏན་དང་ངོས་འཛིན་ཚུལ་ཐད་ཁྱད་པར་ཆེན་པོ་ཡོད་པར་སྣང༌། རྒྱ་གར་གྱི་ཚེའི་རིག་བྱེད་མཚོན་པའི་སྲོལ་རྒྱུན་གྱི་སྨན་གཞུང་གཞན་ལས་འདིའི་སྐོར་བཤད་མེད་ཅེས་ཁ་ཚོན་བཅད་དེ་བཤད་ཀྱང་ཧམ་ཆེན་དུ་འགྲོ་དོགས་མེད། དེང་དུས་རིག་གསར་གྱི་གསར་གཏོད་དང་འཚོལ་ཞིབ་བྱས་པའི་སྨན་བཅོས་ལུགས་སྲོལ་ལས་དུས་རབས་ཉི་ཤུའི་ནང་བརྙེད་པའི་Endocrine Systemམ་ལག་ཟེར་བ་ད་དུང་དེའི་བྱེད་ལས་འགའ་ཞིག་ལ་ལྐོག་གྱུར་ཏུ་གནས་པ་དེ་དང་འདིར་བསྟན་བསམ་སེའུ་གཉིས་ངོ་བོ་གཅིག་པར་སྣང་སྟེ།  བཤད་རྒྱུད་ལས། བསམ་སེའུ་ནི་རྒྱལ་པོའི་བང་མཛོད་འདྲ། །ཞེས་དང༌། མན་རྒྱུད་ལས། བསམ་སེ་རྩ་ཡི་མདུད་པ་གཤེར་རྨེན་འདྲ། །ཞེས་དང༌། ཟླ་བའི་རྒྱལ་པོ་ལས། བསམ་སེའུ་ཞེས་པ་འཛག་སྣོད་དེ། །ཆེ་ཆུང་བྱེད་པ་ལྒང་བ་འདྲ། །ཞེས་དང༌། སྤྱི་བོ་དག་ཏུ་འདུས་པ་ནི། །རླུང་གི་ལུས་ཀྱི་ས་བོན་བཟུང༌། །ཚངས་པ་དུང་གི་འཁོར་ལོ་སྟེ། །ལུས་བཟུང་ས་བོན་རྩ་ཡིན་ནོ། །དབུས་ན་ས་བོན་བཅུད་ཀྱི་རྩ། །ལུས་ཀྱི་བདེ་བ་རྒྱས་པར་བྱེད། །ཅེས་དང༌། ལྟེ་བ་དག་ནས་གཡོན་དུ་འཁྱིལ།། མཁལ་མ་གཡོན་པ་དག་དང་འབྲེལ། །རྩ་འོག་ཚིགས་པ་བཅུ་གསུམ་པར། །དེ་ནས་ཕོ་མོའི་མཚན་མར་རོ། ཞེས་དང༌། གྲོགས་ནི་གློ་རྩ་ལོང་རྩ་གསུམ། །བཅས་པའི་ས་བོན་འཛག་པའོ། །ཞེས་དང༌། བུད་མེད་ཚིགས་པ་བཅུ་གསུམ་པ། །ས་བོན་བཅུད་ཀྱི་རྩ་དག་དང༌། །མཁལ་རྩ་མཆིན་རྩ་ལོང་རྩ་དང༌། །འདུས་པས་མོ་ཡི་མཚན་མར་རོ། །ཞེས་དང༌། མངལ་སྣོད་དག་ནི་ཁུག་པར་རོ། །དེ་གཉིས་བདེ་བའི་གནས་ཡིན་ཏེ། །ཟག་པ་འཁོར་བའི་གནས་ཡིན་ནོ། །རྩ་ཡི་སྡོང་པོ་དག་དང་ནི། །རྒྱུངས་པ་དག་དང་འབྲེལ་བའོ། །ཞེས་དང༌། དེ་བཞིན་དུ་རྒྱུད་ལས། བུ་གའི་རྣམ་བཞག་སྟོན་པའི་ཚེ་ནའང༌།། ནང་གི་བུ་ག་སྲོག་ཟུངས་དྲི་མ་གསུམ། །ཆུ་དང་ཟས་རྒྱུ་བཅུ་གསུམ་བཤད་པ་ཡིན། །ཞེས་ལུས་ཟུངས་གཞན་དྲི་མ་དང་བཅས་པ་རྒྱུ་བའི་བུ་ག་རྣམས་ལས་གཞན་དུ་གྱུར་བ་ཆུ་རྒྱུ་བའི་བུ་ག་ཞིག་ཀྱང་ཡོད་པར་གསུང་པས་རྒྱུ་རྒྱུའི་ཆུའམ་ཁུ་བ་ནིHormonesདོན་སྣོད་འདིས་བཟོས་པ་ཡིན་ཅིང༌། རྒྱུ་ལམ་ཡང་འདི་ཉིད་ཡིན་པར་གསལ་ཏེ། གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ལས། བསམ་སེའུ་ཞེས་པ་མིང་ཡོད་ལ་གཟུགས་མེད་པ་དཔེར་ན་ཆུ་ཟླ་དང་འདྲ་སྟེ། དོན་སྙིང་རྣམ་པ་ལྔ་ལ་དབང༌། སྣོད་རྣམ་པ་དྲུག་ལ་གཏོགས་ཟེར། ཁ་ཅིག་ན་རེ་སྲོག་རྩ་ཡིན་ཟེར། ཁ་ཅིག་ན་རེ་ཤ་ཤ་རྨེན་བུ་ཡིན་ཡང་ཟེར། དེའི་གསང་ཚིགས་པ་བཅུ་གསུམ་པ་ཡིན་ཏེ་ལུས་སྤྱི་ལ་ཁྱབ་པའི་གསང་ཡིན་ནོ།། ཞེས་གསུངས་པ་འདི་དག་གི་དོན་ཞིབ་པར་གཞན་དུ་བྱེད་པ་ལས་ཤེས་པར་བྱ་ཞིང༌།
འདིར་དེ་དག་གི་གོ་དོན་ཅུང་ཟད་སྨོས་ན། བསམ་སེའུ་ཞེས་པའི་དོན་སྣོད་དེ་ནི། ཚེ་སྲོག་རྒྱལ་སྲིད་ལྟ་བུར་མཚོན་ན་འདི་ནི་རྒྱལ་པོའི་དཔལ་འབྱོར་ཚུར་གསོག་འཇོག་གི་གནས་དང༌། རྒྱལ་སྲིད་ཀྱི་བྱ་བའི་ཆེད་དུ་ཕར་གཏོང་རྒྱུ་རྣམས་གང་ལས་འབྱུང་བའི་ཁུངས་རྒྱལ་པོའི་བང་མཛོད་དང་འདྲ་བ་ཡིན་ནོ་ཞེས་དེའི་གལ་ཆེའི་ཡོན་ཏན་དང་བྱེད་ལས་རྣམས་བསྡུས་བརྗོད་ཀྱི་དཔེས་གསལ་བར་བརྗོད་པ་ཡིན། རྒྱལ་སྲིད་ཀྱི་བྱ་བ་མཐའ་དག་འགག་ཐོགས་མེད་པར་སྒྲུབ་པ་དང༌། ལྷག་པར་རྒྱལ་སྲིད་མངའ་ཐང་རྒྱ་བསྐྱེད་ཀྱི་བྱ་བ་རྣམས་རྒྱལ་པོའི་དཔལ་འབྱོར་ལ་རག་ལས་པ་བཞིན་གློ་སྙིང་མཆིན་མཚེར་ཀླད་པ་སོགས་ལུས་ཀྱི་རྩ་ཆེའི་དོན་སྣོད་རྣམས་ཀྱི་བྱ་བ་རྣམས་ལེ་ཐོགས་མེད་པར་གང་དགོས་དང་ནམ་དགོས་ཚུལ་བཞིན་བསྒྲུབས་པས་འགྲོ་བའི་སྲོག་འཚོ་བ་ཡིན་ཅིང༌། དེ་དག་གི་བྱ་བ་སྒྲུབ་པར་བསམ་སེའུ་ལས་བྱུང་བའི་ཐིག་ལེའམ་ཆུ་Hormonesནི་དེ་དང་དེ་ལ་མེད་མི་རུང་བ་ཡིན་ཏེ། གལ་ཏེ་བསམ་སེའུས་བཟོ་དགོས་པའི་ཐིག་ལེ་རྣམས་བཟོ་མ་ཐུབ་པའམ། དུས་ཐོག་ཏུ་གནས་དེར་འབྱོར་མ་ཐུབ་ན་ལག་ཆས་བཏུགས་པའི་དམག་དཔོན་བཞིན་དེ་དག་ཕན་ཚུན་འབྲེལ་མེད་དུ་འགྱུར་ཞིང༌། དོན་སྣོད་དེ་དག་གིས་རང་རང་གི་བྱ་བ་རྣམས་གཏོང་བ་དང༌། དེ་བཞིན་མངའ་ཐང་རྒྱ་བསྐྱེད་བཞིན་དུ་ལུས་འཚར་ལོང་ཡོང་བ་ཡང་འདི་ལས་བཟོས་པ་དང༌། དེ་ལས་རྒྱུ་བའི་ཐིག་ལེའམ་ཁུ་བ་Hormonesརྣམས་ལ་རག་ལས་པར་གསུང༌། འགའ་ཞིག་འདི་ལྟ་བུས་གོ་དོན་ལེན་མ་ཐུབ་པར་ཕོ་མོ་འཁྲིག་པའི་ཁུ་བ་ཙམ་ལ་བཟུང་བ་ནི་དཔེ་ལ་གོ་བ་མ་ཆགས་པ་ནོང་སྟེ། ཡོད་བྱད་སྣ་ཚོགས་པ་དང༌། དེ་རེ་རེ་ཡང་མཐས་བཏུགས་པ་མེད་པ་གསོག་འཇོག་བྱེད་སའི་གནས་ཤིག་ལ་རྒྱལ་པོའི་བང་མཛོད་དུ་གོ་དགོས་ཏེ། སྡིག་ལྟུང་བསག་པ་རྒྱལ་པོའི་བང་མཛོད་བཞིན། །སྡིག་པ་སྣ་རེའང་བསྐལ་པ་བྱེ་བ་བརྒྱར། །དེ་ཉིད་ཁོ་ན་འབད་པ་བཞིན་དུ་སྣང༌། །ཞེས་དེ་འདྲ་ཞིག་ལ་རྒྱལ་པོའི་བང་མཛོད་ཟེར་བ་ཡིན། འཁྲིག་པའི་ཁུ་བ་ནི་བསམ་སེའི་ཡ་གྱལ་ཞིག་གིས་བྱས་པ་བདེན་ཀྱང༌། བསམ་སེའུས་གང་བསྐྲུན་པ་མཐའ་དག་དེ་ཙམ་མིན་པར་རིགས་ཆེས་མི་འདྲ་བའི་ཐིག་ལེ་སྣ་ཚོགས་པ་བསྐྲུན་པ་དང་འདྲེན་པའི་གནས་ཡིན་པ་གོ་བར་མཛོད།
དེའི་བཟོ་དབྱིབས་དང་ངོ་བོ་ཇི་འདྲ་ཞིག་སྣང་ཞེ་ན། དེ་ནི་མཐའ་གཅིག་ཏུ་སྙིང་དང་མཁལ་མ་ལྟ་བུ་གོ་ས་གཅིག་ཁོ་ནར་མནན་པ་མ་ཡིན་པར་ཕོ་མོའི་འབྲས་བུ་སོགས་ནི་རྩ་མདུད་ལྟ་བུ་དང༌། ཤ་ཤ་རྨེན་བུའམ་Pancreas གཤེར་མ་ལྟ་བུ་གཤེར་ཁུ་འགའ་ཞིག་གི་སྐྱེ་གནས་དང༌། འགའ་ཞིག་དཔུང་པའི་རྨེན་བུ་མགོ་སྔོན་ལྟ་བུ་རྨེན་བུའི་རྣམ་པ་ཅན་དུའང་ཡོད་དོ་ཞེས་དེ་དག་རྒྱུད་ཆེན་ལས་གསུངས་པའི་དོན་ནོ།།
ཟླ་བའི་རྒྱལ་པོའི་ལུང་འདིར་དྲངས་པ་རྣམས་ནི་དེའི་རྒྱས་འགྲེལ་ལྟ་བུ་སྣང་སྟེ། བསམ་སེའུ་ནི་སྣོད་ཀྱི་ཁོངས་སུ་གཏོགས་ཏེ་ཁུ་བའམ་ཐིག་ལེའི་རིགས་རྣམས་འཛགས་པས་སོ།། དེའང་དེའི་དབྱིབས་དང་ཆེ་ཆུང་སོགས་ནི་ལུས་ཀྱི་ཆ་དུ་མར་མི་འདྲ་བ་དུ་མ་ཡོད་པ་མ་ཟད། དེ་རེ་རེའང་མཐའ་གཅིག་ཏུ་མ་ངེས་ཏེ་འགའ་རེ་ཁུ་བའམ་ཐིག་ལེ་རྒྱས་པའི་ཚེ་ན་ཁེངས་ཤིང་ཆེར་རྒྱས་པ་དང༌། ཟད་པའམ་རིགས་འདྲ་གཞན་གྱིས་བྱས་པ་གནས་དེར་མ་འབྱོར་བའི་ཚེ་ན་མི་མངོན་པར་སྟོང་པ་ལྟ་བུ་སྣང་ངོ༌།། ཞེས་ལུང་གོང་མས་བསམ་སེའུའི་ངོ་བོ་དང་བྱེད་ལས་སྤྱིར་བསྟན་པ་དང༌།
ལུང་ལྷག་མ་རྣམས་ཀྱིས་རིམ་བཞིན་བསམ་སེའུ་བྱེ་བྲག་པ་རྣམས་བསྟན་པ་ཡིན་ཏེ། དབུས་ན་ས་བོན་བཅུད་ཀྱི་རྩ་སོགས་ཀྱིས་བསམ་སེའུ་གཙོ་བོའམ་བྱེ་བྲག་པ་དུང་འཁོར་དུ་གྲགས་ཤིང༌། དེང་སང་རིག་གསར་གྱིས་ཐཱལེ་མི་Thalamiཞེས་ཀླད་པའི་དཀྱིལ་དུ་གནས་ཤིང་དོན་སྣོད་དང་ལུས་ཕྱི་ནང་གི་རྡུལ་ཕྲན་ཡོངས་རྫོགས་ལ་བཀོད་འདོམ་བྱེད་པོ་དེ་ཉིད་འཁོར་དང་བཅས་པ་བསྟན་པ་དང༌། ཤ་ཤ་རྨེན་བུའམ་གཤེར་མར་གྲགས་པ་དེང་སང་པནྐརཡ་ (Pancreas) ནི་ལྟེ་བ་དག་ནས་གཡོན་དུ་འཁྱིལ་སོགས་ཀྱིས་བསྟན། དཔྱང་རྡོའམ་དེང་སང་ཨཱཌྼནལ (Adrenal) དང༌། བུའི་ཁམས་དཀར་བསྒྱུར་གནས་སམ་དེང་སང་སེམིནལ་ཝེསྐལ་ (Seminal vescal) བཅས་ནི། མཁལ་མ་གཡོན་པ་དག་དང་སོགས་ཀྱིས་བསམ་སེའུ་དེའི་གནས་དང་དེ་དག་ཕན་ཚུན་འབྲེལ་ཚུལ་དང། དེའང་ཁམས་དཀར་བསྐྲུན་པ་གློ་ལོང་སོགས་དོན་སྣོད་ཀྱི་གྲོགས་དང་བཅས་པ་ལས་རང་སྟོབས་ཀྱིས་མིན་པར་བསྟན། བུད་མེད་ཚིགས་པ་སོགས་ཀྱིས་ནི་མོ་འབྲས་སམ་ཨོབ྄རིའ་ (Ovary) བསྟན་ཅིང༌། དེའང་མཁལ་མ་དང་མཆིན་པ་སོགས་ཀྱི་གྲོགས་དང་བཅས་ཏེ་དེས་སྐྱེ་རྒྱུའམ་སྒོང་ང་ Eggs བཟོ་ཞིང་དེས་མངལ་ཆགས་པའམ། རྐྱེན་དང་མ་འཕྲད་ན་སྐྱེ་ལམ་ནས་འབྱུང་བར་བསྟན། མངལ་སྣོད་དག་ནི་ཁུག་པར་རོ། །ཞེས་འདིར་དྲངས་པ་དང༌། འདིར་མ་དྲངས་པ་སྐྱེས་པའི་མངལ་ནི་སྟོང་པར་ཞར། སོགས་ཀྱིས་མངལ་ལམ་བུ་སྣོད་བསྟན། གོང་དུ་བུའི་ཁམས་དཀར་བསྒྱུར་ས་དང༌། མོ་འབྲས་གཉིས་ནི་ཁམས་དཀར་དམར་འདུ་འཕྲོད་ཀྱི་བདེ་བ་འབྱུང་ཞིང༌། ཁམས་འཛག་པ་དང༌། ཟག་པ་དེ་ཉིད་ཀྱིས་རྒྱུ་བྱས་ཏེ་བུ་མོའི་མངལ་དུ་སེམས་ཅན་ཆགས་པའམ་འཁོར་བའི་གནས་ཡུལ་ཡིན་པ་དང༌། དེའང་ཁམས་དཀར་དམར་གྱི་འདུ་འཕྲོད་ནི་རྩའི་སྡོང་པོ་སྟེ་སྲོག་རྩ་གཉིས་དང་ཀླད་པའི་དུང་འཁོར་མའི་གྲོགས་དང་བཅས་ཏེ་འབྱུང་བ་ལས་བསམ་སེའུ་བྱེ་བྲག་པ་དེ་གཉིས་ཁོ་ན་ལས་མ་ཡིན་ནོ་ཞེས་དེ་གཉིས་འཁོར་བའི་གནས་ཡིན་སོགས་ཚིགས་བཅད་ལྷག་མ་རྣམས་ཀྱིས་བསྟན་པ་ཡིན་ནོ།།
གཞན་ཡང་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ཀྱི་ལུང་དོན་ནི། བོད་ཀྱི་གསོ་རིག་ལྟར་ན་མིང་བཏག་ཅིང་ངོས་བཟུང་བས་མིང་ཡོད་ལ། དེ་ཉིད་ཀྱི་དོན་གྱི་རྒྱབ་ལྗོངས་རྒྱ་གར་གྱི་ཚེའི་རིག་བྱེད་སོགས་གསོ་དཔྱད་ཀྱི་ལུགས་གཞན་ནས་བཙལ་ན་དེ་དག་གིས་མ་བསྟན་ཅིང་མི་བརྙེད་པས་གཟུགས་མེད་པ། དཔེར་ན་ཆུ་སྣོད་དུ་ཤར་བའི་ཟླ་གཟུགས་དང་འདྲ་བ་ཡིན། དེའང་དཔེར་ན། ཟླ་བ་འཚོལ་མཁན་དེས་ནམ་མཁར་ཤར་བའི་ཟླ་བ་དེ་རང་ཟླ་བར་བཟུང་བར་བྱ་བ་ཡིན་གྱི་ད་དུང་དེས་མ་ཚིམས་པར་དེའི་དབྱིབས་དང་ཁ་དོག་སོགས་བཙལ་བར་འདོད་དེ་ཆུ་ནང་དུ་ཟླ་གཟུགས་ཤར་བ་ལས་དེ་དག་རྟོགས་པར་འདོད་པ་བཞིན་བསམ་སེའུའི་གནས་ལུགས་ནི་བོད་ཀྱི་གསོ་རིག་ལས་འཚོལ་བར་བྱ་ཡི། སྐབས་དེའི་གཞན་ལུགས་རྣམས་ལས་འཚོལ་ན་ཆུ་ཟླ་ལས་ཟླ་བ་བཙལ་བ་བཞིན་ཡིན། ཞེས་དེ་ནི་བོད་ཀྱི་གསོ་རིག་ཁོ་ནས་བཤད་པར་བསྟན། དེ་ལྟ་བུའི་བསམ་སེའུ་དེ་ནི་སྙིང་སོགས་དོན་རྣམས་ཀྱི་དབུགས་འབྱིན་རྔུབ་དང༌། ཁྲག་འགྲེམ་བསྡུ་སོགས་བྱ་བ་མཐའ་དག་ལ་དབང་བསྒྱུར་བའི་གྲོགས་བྱེད་པ་པོའམ་བཀོད་འདོམ་བྱེད་པ་པོ་ཡིན་ཅིང༌། དེའང་འགའ་ཞིག་གིས་ཐིག་ལེ་བཟོ་བ་དང༌། འགའ་ཞིག་བརྒྱུད་དེ་བཟོས་པའི་ཐིག་ལེ་རྣམས་ལུས་ཀྱི་ཆ་ཤས་མི་འདྲ་བར་དུ་མར་འགྲིམ་འགྲུལ་གྱི་རྒྱུ་ལམ་བྱེད་པ་སོགས་ཕོ་བ་དང་རྒྱུ་མ་སོགས་ཀྱི་བྱེད་པ་དང་མཚུངས་ཤས་ཆེ་བས་སྣོད་རྣམ་པ་དྲུག་གི་ཁོངས་སུ་གཏོགས་ཅེས་དེའི་བྱེད་ལས་དང་ངོ་བོ་གནས་ལུགས་རྣམས་བསྟན། དེ་ལྟ་བུའི་དོན་ལ་དབང་བསྒྱུར་ཞིང་སྣོད་ལ་གཏོགས་པའི་བསམ་སེའུའི་ཡོན་ཏན་ནམ་བྱེད་པ་ཁོ་ནས་རོ་དྲུག་ཏུ་གཏོག་པའི་ཟས་སྐམ་ཟོས་ཤིང་འཐུང་བ་རྣམས་སུ་ཐིག་ལེ་མི་འདྲ་བ་དུ་མ་ཟས་སུ་སྡོར་དང་སྤོད་ཀྱིས་བྲན་པ་ལྟར་བསྣན་པས་ད་གཟོད་གཞི་ནས་དེ་དག་གི་བཅུད་དེ་ཤ་ཁྲག་རུས་པ་སོགས་ཀྱི་རྡུལ་ཕྲན་སོ་སོ་ལ་གང་མཁོ་བའི་རྫས་སུ་བསྒྱུར་ནས་ལུས་དང་དབང་པོ་རྣམས་བརྟན་ཅིང་རང་རང་གི་ལས་ལ་ཐོགས་མེད་དུ་འཇུག་པར་བྱེད་ཅེས་བསམ་སེའུའི་བྱ་བའམ་ཡོན་ཏན་བསྟན་པ་ཡིན། འདི་ནི་རྗེ་བཙུན་གྲགས་པ་རྒྱལ་མཚན་རང་གི་ལུགས་ཡིན་ཅིང། ངོ་བོ་དབུགས་ཀྱི་རྒྱུ་བ་སོགས་ལྷག་མ་རྣམས་བོད་ཀྱི་མཁས་པ་གཞན་འགས་བསམ་སེའུ་ལ་ངོས་འཛིན་བྱེད་སྟངས་རྣམས་གསུངས་པར་གོ་ནུས་སོ།། བསམ་སེའིུ་སྐོར་འདི་བོད་ཀྱི་སྨན་པ་འགའ་ལའང་ཕྱོགས་སྟོར་ནས་སྣང་བས་ཅུང་ཟད་འདིར་ཡང་གསལ་བར་བྱས་སོ།།
རེག་པའི་རྩ་ལ་བརྟག་པ།
       དེའང་སྨན་བཅོས་ཀྱི་བྱ་བ་ལ་འཇུག་པར་གསོ་བྱའི་ནད་གང་ཡིན་མ་ནོར་བར་ངོས་བཟུང་ནས་གཟོད་གསོ་བའི་བྱ་བ་ལ་འཇུག་དགོས་པ་ཤིང༌། དེ་གོ་རིམ་འཛོལ་ན་མུན་ཁུང་དུ་འབེན་ལ་མདའ་རྡེག་པ་འདྲ་བས་གསོ་བའི་བྱ་བ་དང་དུས་ཚོད་ཆུད་ཟོས་སུ་འགྲོ་བ་མ་ཟད། ཐ་ན་ནད་ལོག་དཔྱད་ལོག་ཏུ་གྱུར་བས་ནད་པའི་སྲོག་གི་གཤེད་མར་འགྱུར་ཉེན་ཡོད་པས་ཚེའི་རིག་བྱེད་སོགས་གནའ་དེང་གི་གསོ་ཐབས་ཀུན་ནས་བརྟག་ཐབས་ཀྱི་རིག་པ་མཐའ་ཡས་པ་ཞིག་ནན་ཏན་གྱིས་གསུང་ཡོད། དེ་དག་ཐམས་ཅད་བསྡུས་ན་བལྟ་རེག་དྲི་བ་གསུམ་དུ་མ་འདུས་པ་མེད་པར་སྣང༌།
དེ་ལས་རེག་པ་ལྟ་བུར་མཚོན་ན། ནད་པའི་ལུས་ཀྱི་ཚ་གྲང༌། སྐྲང་པོའི་སྲ་སྙི། རེག་བྱ་འཇམ་རྩུབ་སོགས་ལས་ནད་ཀྱི་ངོ་བོ་དུ་མ་ཞིག་རྟོགས་མོད། དེའི་ནང་ནས་འཕར་རྩའི་མཚན་ཉིད་བརྟག་ཅིང་ནང་གི་དོན་སྣོད་ཀྱི་ནད་མཚོན་པའི་ལྐོག་གྱུར་གྱི་ནད་གཞི་དུ་མ་ཞིག་གཏན་འབེབས་བྱེད་པའི་རིག་པ་འདི་ནི་ཆེས་ངོ་མཚར་བ་ཞིག་ཡིན། དེ་ནི་རྒྱ་ནག་གི་ཆེས་སྔ་བའི་གཏམ་རྒྱུད་ཀྱི་དུས་རབས་དང༌། གསེར་གྱི་དུས་རབས་༨༠༠-༡༠༠༠ སོགས་སུ་གནའ་བོའི་རྒྱ་ནག་གི་སྨན་གཞུང་རྣམས་ལས་བཤད་པ་རྒྱ་ནག་གི་ལུགས་ཁོ་ནའི་ཁྱད་ཆོས་ཡིན་པར་སྒྲོགས་མོད་ཀྱང༌། དེ་ལ་དཔྱད་པར་བྱ་བ་འགའ་ཞིག་སྣང་སྟེ། གོང་གསལ་དཔྱད་བུ་ཁྲི་ཤེས་ཀྱིས་བསྡུས་པའི་དཔྱད་འབུམ་སོགས་སུ་རེག་པ་རྩ་ལ་བརྟག་ཐབས་ཀྱི་རིགས་པའི་གཞུང་ལུགས་ཆ་ཚང་ཞིང་ལག་ལེན་མན་ངག་གིས་བརྒྱན་པ་ཡོད་ཅིང༌། དེ་ནི་རྒྱ་ནག་གསེར་གྱི་དུས་རབས་སོགས་ལས་ཆེས་སྔ་བའི་ཕྱིར་དང༌། གཞན་ཞིག་ནི་ཞིབ་པར་བརྟག་ན། བོད་ཀྱི་གསོ་བ་རིག་པའི་གཞུང་ལས་བསྟན་པའི་རྩ་བརྟག་ཐབས་ཀྱི་རིག་པའི་གཞུང་ལུགས་དང་ལག་ལེན་གཉིས་ཀར་རྒྱ་ནག་གི་ལུགས་དང་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་རོ།། དེས་ན་རྒྱ་ནག་ལ་རྩ་བརྟག་ཐབས་ཡོད་ཀྱང་དེ་ནི་བོད་ཀྱི་རྩ་ལ་བརྟག་ཐབས་ཀྱི་རིག་པའི་གཞུང་ལུགས་དང་ལག་ལེན་གཉིས་ཀའི་འབྱུང་ཁུངས་མ་ཡིན་ནོ་ཞེས་མགྲིན་པ་སྟེགས་ནས་བཤད་ཐུབ་པ་ནི་ཁོ་བོ་ཙམ་མིན་པར་མཁས་པའི་དབང་པོ་སྟག་ཚང་པས་ཀྱང༌། རྩ་དང་ཆུ་ལས་ནད་ངོ་བཟུང་བ་ནི། །རྒྱ་གར་འཕགས་པའི་ཡུལ་དུ་གསུངས་པ་མེད། །བོད་ཀྱི་སྨན་པ་བྱང་ཆུབ་སེམས་དཔས་མཛད། །ཅེས་གསུངས་པའི་ཕྱིར་རོ།། འདི་ནི་ཞར་བྱུང་ཙམ་ལས་ཞིབ་པར་གཞན་དུ་གླེང་བར་འགྱུར་བ་ལས་ཤེས་སོ།།
        འཕགས་པའི་ཡུལ་གྱི་ཚེའི་རིག་བྱེད་ཀྱི་གཞུང་ཕྱི་མོ་རྣམས་ལས་ནི་རྩ་ལ་བརྟག་ཐབས་དེ་བས་ཀྱང་བཤད་པ་མེད་དེ། དེང་སང་ཚེའི་རིག་བྱེད་འཛིན་པའི་སྨན་པ་འགས་རྩ་བརྟག་ཐབས་ཀྱི་གཞུང་བརྩམས་པ་དང་ལག་ལེན་དུ་བསྟར་བ་རྣམས་ནི་ཕྱིས་སུ་དར་བ་ཡིན་ཏེ། མཁས་དབང་(Acharya Priyavrata Sharma)པྲིཡ་བྲཏ་ཤརྨ་མཆོག་གིས་དུས་རབས་བཅུ་གསུམ་པའི་སྔོན་ལ་རྒྱ་གར་ཚེའི་རེག་བྱེད་ལུགས་སུ་རྩ་བརྟག་ཐབས་མེད་པར་གསུངས་པ་མ་ཟད། དུས་རབས་དཀྱིལ་མར་བྱུང་བའི་རྩ་ལ་བརྟག་ཐབས་དེའང་ཁ་ཆེའི་མཁས་པའི་གྲོགས་དང་(Unana) བཅས་ཏེ་བྱུང་པར་གསུངས། ད་ལྟ་འཚོ་ཞིང་བཞེས་པའི་མཁས་དབང་བྷཝཾདས་མཆོག་གིས་ཀྱང་རྒྱ་གར་དུ་རྩ་བརྟག་ཐབས་ཀྱི་རིག་པ་ནི་དུས་རབས་བཅུ་དྲུག་པ་ནས་གཞི་ནས་དར་བ་གསུངས་པའི་ཕྱིར་རེག་པ་རྩ་ལ་བརྟག་ཐབས་ཀྱི་ལག་ལེན་དང་རིག་པའི་གཞུང་ལུགས་འདི་ནི་བོད་ཀྱི་གསོ་རིག་གི་ཐུན་མོང་མིན་པའི་ཁྱད་ཆོས་ཡིན་པས་ཚེའི་རིག་བྱེད་ཀྱི་གཞུང་དང་འདྲ་ཟེར་བ་ནི་མ་བརྟག་པའི་གཏམ་ཆེན་པོར་སྣང་ངོ༌།།
རྩ་བརྟག་ཐབས་ཀྱི་རིག་པ།
དེའང་བོད་ཀྱི་གསོ་བ་རིག་པའི་གཞུང་ལས་བཤད་པའི་རྩ་བརྟག་ཐབས་ཀྱི་རིག་པ་གང་ཞེ་ན། འདིར་མདོར་བསྡུས་ཙམ་སྨོས་ན། ཟླ་བའི་རྒྱལ་པོ་ལས། སྙིང་ལ་ཐམས་ཅད་འདུས་པ་ནི། །ཀུན་གཞི་གནས་ཀྱི་འཁོར་ལོའོ། །ཞེས་དང༌། སྙིང་རྩ་བརྒྱད་པོ་ཁྲག་གིས་གང༌། །བཞི་ནི་རླུང་གིས་གང་བ་འོ། །འཕར་རྩ་རླུང་གིས་གང་བ་སྟེ། །ཤེས་པ་དག་དང་གསུམ་འགྲོག་ནས། །འཕར་བར་བྱེད་ཅིང་དུས་ཚོད་དང༌། །བླ་རྩ་སྙིང་རྩ་ཞེས་བྱའོ། །གྲོགས་ནི་དོན་དང་སྣོད་ཀྱི་རྩ། །ཞེས་གསུངས་པ་བཞིན་འཁོར་བ་དང་མྱང་འདས་ཀུན་གྱི་གཞི་བྱེད་པའི་ཤེས་པ་ཕྲ་མོའམ་རྣམ་ཤེས་དང༌། རླུང་དང་ཁྲག་གསུམ་པོ་ཕྱིའི་དཔྱིད་སོགས་དུས་རྣམས་འབྱུང་བའི་འགྱུར་འགྲོས་ཀྱི་རང་བཞིན་གྱི་བྱེད་པས་ནང་གི་མཁལ་མ་སོགས་དོན་སྣོད་ཀྱི་ཁམས་ཀྱི་ངོ་བོ་ཉིད་འགྱུར་སྟོབས་ཀྱི་གྲོགས་དང་བཅས་ཏེ་འཕར་བའི་སྙིང་གི་རང་གི་མཚན་ཉིད་དང་རྗེས་སུ་མཐུན་པའི་རླུང་ཁྲག་གི་རྒྱུ་བའི་གཞན་དབང་ཅན་གྱི་འཕར་རྩ་ལ་གང་གིས་འཕར་བར་བྱེད་པ་དེའི་ངོ་བོའི་འགྱུར་བ་ལ་བརྟག་པ་ཞིག་ལ་རེག་པ་རྩ་ལ་བརྟག་པ་ཞེས་བྱ་ཞིང༌། ཟུར་མཁར་བས། རྩ་ལ་བརྟག་ཀྱང་རླུང་ལ་བརྟག །རླུང་ཁྲག་རྩ་གཉིས་ཟུང་འཇུག་ཡིན། །ཞེས་གསུངས་པ་ལྟར་རྩ་རྒྱུ་ལམ་ལྟ་བུ་ལས་རྒྱུ་བའི་རླུང་ཁྲག་གི་རྒྱུ་བ་འགྲུལ་བ་ལྟ་བུ་ལ་བརྟག་པར་བྱེད་པ་ཡིན།
        དེ་ལྟ་བུའི་རྣམ་པར་འགྱུར་བའི་རྩའི་མཚན་ཉིད་རྟོགས་པ་ལ་ཐ་མལ་པའམ་རྣམ་པར་མ་འགྱུར་བའི་རྩའི་མཚན་ཉིད་སྔོན་དུ་མ་ཤེས་ན་ཐབས་མེད་ཡིན། དེའང་གང་ཟག་ཐམས་ཅད་ཀྱི་རང་བཞིན་མི་གཅིག་པ་སྣ་ཚོགས་ཡོད་པ་ནི་ཇི་ལྟར་རྒྱ་སྲང་ལ་རྒྱུ་བའི་མི་རྣམས་ཀྱི་གཟུགས་དང་ཁ་དོག་ཐ་དད་ཅིང་བྱེད་དབྱིབས་ཐ་དད་པ་ལས་ཀྱང་མོད་པ་ཡོད་པས་དེའི་ཐ་མལ་པའི་རྩའི་མཚན་ཉིད་ཀྱང་དེ་དང་འདྲ་བ་ཡོད་པ་ཡིན། དེའང་གང་ཟག་གཅིག་ལ་མཚོན་ནའང་ལོ་ན་དང༌། གནས་ཡུལ་དང༌། ཟས་སྤྱོད་བསྟེན་ཚུལ་སོགས་ཀྱིས་ཀྱང་རྩའི་མཚན་ཉིད་གཅིག་ཏུ་མི་གནས་པ་མ་ཟད་དཔྱིད་སོགས་དུས་ཁམས་ཀྱི་འགྱུར་བ་དང༌། ཐ་ན་ཉིན་ཞག་རེའི་སྔ་དགོང་དང། ཉིན་མཚན་སོགས་ཀྱི་འབྱུང་བ་རང་སྟོབས་སུ་གྱུར་ཚུལ་ལྟར་ནང་གི་སྐྱེས་བུའི་ལུས་ཁམས་ཀྱི་འབྱུང་བ་རྣམས་ལའང་འགྱུར་བ་འགྲོ་བ་བཞིན་དུ་རྩའི་མཚན་ཉིད་ཀྱང་འགྱུར་འགྲོ་བས་ན་དེ་དག་ཇི་ལྟར་འགྱུར་ཚུལ་སོགས་ལ་ཤེས་རྟོགས་དང་མྱོང་ཚོར་ཡོད་པ་གཞི་བཅས་ད་གཟོད་ནད་ཅན་གྱི་རྩའི་མཚན་ཉིད་གཏན་ལ་འབེབས་དགོས་པ་ཡིན། དེའང་སྔོན་གྱི་མཚོ་བྱེད་མཁས་པ་མིའི་ཉི་མ་མཐོང་བ་དོན་ལྡན་ནི་ཕྱིའི་དཔྱིད་སོགས་དུས་ཀྱི་དབུགས་སྒང་སོགས་དུས་གཟེར་རྣམས་རྩ་ལ་ཐེངས་པ་ཁོང་གི་རྣམ་ཐར་དུ་གསལ། དེ་ཙམ་དུ་མ་ཟད་བདག་གི་ཡོངས་འཛིན་དམ་པ་མཁན་ཆེན་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་མཆོག་ནི་སྤྱིར་ཁོང་གི་ཐུན་མོང་དང་ཐུན་མོང་མིན་པའི་ཡོན་ཏན་ཐམས་ཅད་བུམ་ནང་གི་མར་མེ་བཞིན་སྦས་ཤིང༌། དམ་པའི་ཆོས་འདུལ་བའི་བཅས་པ་ཕྲ་མོ་ལའང་རྩ་ཆེར་བཟུང་ཞིང༌། ཉམས་ཐག་ནད་པ་དང་སློབ་མ་རྣམས་ལ་མ་བུར་བརྩེ་བ་ལས་ཀྱང་ལྷག་པར་བརྩེ་བའི་མཁས་བཙུན་བཟང་གསུམ་དང་ལུང་རྟོགས་ཀྱི་ཡོན་ཏན་གྱི་དཔལ་གྱིས་མངོན་པར་མཐོ་བའི་དམ་པ་དེ་ཉིད་ཀྱང་དུས་གཟེར་རྣམས་རྩ་ལ་ཐེངས་པ་ཞིག་ཡིན་པ་ནི་ཁོ་བོ་ཡུན་རིང་སྐུའི་གམ་དུ་བཅར་རྒྱུའི་གོ་སྐབས་བྱུང་བས་ཤེས།
ནད་ཅན་གྱི་རྩའང་རླུང་མཁྲིས་བད་ཀན་ཁྲག་དང་བཅས་པའི་ནད་གཞི་རྣམས་འཕེལ་འཁྲུགས་གང་ཡིན་གྱི་རྩའི་མཚན་ཉིད་རྣམས་བསྟན་པ་དང༌། དེ་ལྟར་འཕེལ་ཟད་འཁྲུགས་པ་ཅན་གྱི་རླུང་སོགས་ཉེས་པ་དེ་དག་སྙིང་སོགས་དོན་སྣོད་དང་ཤ་ཁྲག་རུས་པ་གང་ལ་བབ་པ་དང༌། དེར་བབས་པའི་ནད་དེས་གནོད་བྱའི་ཁམས་དེ་དག་ལ་སྐྱོན་ནམ་ཉེས་པ་གང་བྱས་སོགས་ཞིབ་པར་གཏན་ལ་འབེབ་ཚུལ་རྒྱས་གསལ་བསྟན་ཡོད། དེས་ན་ཚེའི་རིག་བྱེད་ལ་བར་སྐབས་སུ་དར་བའི་རྩ་ལ་བརྟག་ཚུལ་གྱི་སྐད་ཙམ་ཡོད་ཀྱང་དེ་དང་བོད་ཀྱི་རྩ་བརྟག་ཐབས་ཀྱི་རིག་པའི་གཞུང་ལུགས་དང་ལག་ལེན་ལ་ཁྱད་པར་ཆེན་པོ་ཡོད་པ་གཟུར་བོར་གནས་པས་འཕྲལ་དུ་རྟོགས་སླ་བ་ཡིན། དེས་ན་ཡ་གྱལ་མ་གྲུབ་ན་ཚོགས་པ་མི་འགྲུབ་པ་བཞིན་ཚེའི་རིག་བྱེད་དང་གསོ་བ་རིག་པ་གཉིས་གཅིག་ཏུ་འགྲུབ་དཀའ་བ་ཡིན་པ་མཁྱེན་སླ་བའི་ཕྱིར་རོ།།
མཐོང་བ་ཆུ་ལ་བརྟག་པ།
        གོང་དུ་བལྟ་རེག་དྲི་བ་གསུམ་དུ་ནད་བརྟག་ཐབས་ཕལ་ཆེར་འདུས་པར་བཤད་པ་བཞིན། བལྟ་བ་ལའང་ནད་པའི་ཁ་དོག་དང་བོང་དབྱིབས། མིག་སོགས་དབང་པོ་སོགས་ཀྱི་མདང་དང༌། ཁྲག འཁྲུ་སྐྱུགས། ལུད་པ་སོགས་མིག་གི་ཡུལ་དུ་གྱུར་བ་ཀུན་ལ་བརྟག་རུང་ཞིང༌། ལྷག་པར་དུ་ལྕེ་དང་ཆུ་ལ་བརྟག་པ་ནི་གཙོ་བོར་བསྟན་ཡོད་དེ། དཔྱད་བུ་ཁྲི་ཤེས་ཀྱིས་བསྡུས་པའི་གསོ་བྱེད་དཔྱད་འབུམ་དང༌། བཤད་རྒྱུད་མཐུན་པར་ཁྱད་པར་ལྕེ་དང་ཆུ་ལ་བརྟག་པར་བྱ། ཞེས་གསུངས་ཤིང༌། དེ་ལས་ཀྱང་དྲི་ཆུར་བརྟག་པ་ནི། མཐོང་བ་མེ་ལོང་ཆུ་ལ་ངོས་བཟུང་བ། །ཞེས་རང་གི་བཞིན་གྱི་དྲེགས་པ་དང་ཤ་མཚན་སོགས་རང་གིས་རང་མི་མཐོང་ཡང་མེ་ལོང་དུ་བལྟས་ན་ཐམས་ཅད་མངོན་སུམ་དུ་མཐོང་བ་བཞིན། ཆུ་བརྟག་ཐབས་ཀྱི་རིག་པའི་གཞུང་ལུགས་ཀྱི་མེ་ལོང་དུ་ལྐོག་གྱུར་གྱི་ནད་ཀྱི་མཚན་ཉིད་ཞིབ་པར་གཏན་ལ་འབེབས་ཐུབ་པར་གསུངས་ཡོད། དེ་ཡང་རྒྱ་གར་གྱི་ཚེའི་རིག་བྱེད་ཀྱི་གཞུང་འགའ་ལས། ནད་གཞི་བརྟག་ཡུལ་བརྒྱད་ཅེས་པའི་གྲངས་སུ་དྲི་ཆུར་བརྟག་ཐབས་ཀྱི་མིང་ཙམ་ཡོད་མོད། དེ་ནི་བོད་ཀྱི་གསོ་བ་རིག་པའི་གཞུང་ནས་བཤད་པའི་ཆུ་ལ་བརྟག་ཐབས་དང་ཁྱད་པར་ཆེན་པོ་ཡོད་པར་མངོན།
        དེ་ཡང་བོད་ཀྱི་གསོ་བ་རིག་པའི་གཞུང་ལས་གསུངས་པའི་དྲི་ཆུར་བརྟག་ཐབས་ཀྱི་སྙིང་དོན་ཙམ་འགོད་ན། དང་པོར་དྲི་ཆུར་བརྟག་པས་ལུས་ལ་ནད་གཞི་གང་ཡོད་རྟོགས་ནུས་པའི་ཤེས་བྱེད་ཀྱི་རིགས་པ་ནི་དྲི་ཆུའི་འགྱུར་ཚུལ་དང་ནད་ཀྱིས་དྲི་ཆུ་བསྒྱུར་ཚུལ་སོགས་ལས་ཤེས་དགོས། དེའང་དྲི་ཆུ་ནི་ཟས་སྐོམ་ཟོས་ཤིང་འཐུང་བའི་སྙིགས་མ་ཡིན་ཅིང། དང་པོ་ཟས་སྐོམ་རྣམས་ཕོ་བ་དང་རྒྱུ་མའི་མེ་དྲོད་ཀྱིས་ལེགས་པ་བཞུས་པའི་དྭངས་མ་ཕོ་བའི་སྤུ་དང་རྒྱུ་མའི་གྲོག་མོViliལས་ཁྲགརྩ(Blood Vesselsབརྒྱུད་དེ་མཆིན་པ་སོགས་ཀྱིས་ཀྱང་ད་དུང་མྱག་ཞུ་དྭངས་སྙིགས་ཕྱེ་བ་སྙིང་གིས་ལུས་ཀྱི་ཆ་ཡོངས་སུ་བགྲམ་པ་རྣམས་ལུས་ཀྱི་ཆ་སོ་སོའི་རྡུལ་ཕྲན་རྣམས་ཀྱིས་རང་རང་གི་མེ་དྲོད་ཀྱིས་མྱག་ཞུ་དང་སྙིགས་ཕྱེས་པའི་དྭངས་མ་རྣམས་ལུས་ཀྱི་ཆ་སོ་སོའི་གྲུབ་ཆའི་ཕྲ་རྡུལ་གྱི་ཆ་རྣམས་རྣམ་པར་རྒྱས་བྱེད་དུ་སྤྱོད་ཅིང༌། ཆ་དེ་དང་དེས་སྔར་རང་ཉིད་རྒྱས་བྱེད་དུ་སྤྱད་ཟིན་པའི་ཟག་རྡུལ་རགས་པ་(Waste Products of Metabolism)རྣམས་སྡོད་རྩའམ་རྩ་ནག་(Renalvein)བརྒྱུད་དེ་བསྐྱོད་པ་རྣམས་མཁལ་མའི་ཁྲག་རྩ་ལས་མཁལ་མའི་རྐ་Glomerulat Tuftདང་ན་བ་(Nephron)ཆུ་མིག་(Bowman’s Capsule) སོགས་བརྒྱུད་དེ་ཆུ་རྒྱུའི་རྩ་(Urethra)ལས་འདྲིལ་ཏེ་ལྒང་པར་འགྲིལ་བའམ་ལྷུང་ནས་བསགས་པ་དེ་གཅིན་ལམ་(Urethra)བརྒྱུད་དེ་ཕྱིར་ལྷུང་བ་ནི་དྲི་ཆུ་ཡིན་ཏེ། དེ་ཉིད་ལུས་ཀྱི་ཆ་ཤས་ཡོངས་རྫོགས་བརྒྱུད་དེ་ཕྱིར་ཡོང་བའི་ཕྱིར་ཡུལ་དེ་དག་གི་རྫས་དང༌། དེ་དང་དེའི་རང་བཞིན་རྣམས་ཆུ་ལ་གསལ་བ་ནི།  དཔེར་ན་མཁལ་མ་དང་གཅིན་ལམ་སོགས་སུ་གཉན་ཀ་དང་ཚ་བ་སོགས་ཡོད་ན་ཆུ་ལ་ཀུ་ཡ་མཐུག་ཅིང༌། དེའང་འཕེལ་ཟད་ཀྱི་གནས་དེའི་ཆོས་ཉིད་ཀྱིས་ཆུའི་འོག་ཏུ་གནས་ཤིང༌། གནས་དེའི་ཚ་ཚད་རྒྱུན་ལྡན་ལས་ཆེ་སྟབས་ཆུ་ལ་དྲི་མ་གཞན་ལས་ཆེ་བ་ཡོང་བ་ལྟ་བུ་སོགས་གཞན་ལའང་དེས་རིགས་འགྲེ་ནུས་ཏེ། ཕྱི་རྒྱུད་ཆུ་མདོ་ལས། གྱུར་ཚུལ་ཟས་སྐོམ་དྭངས་སྙིགས་ཕྱེ་བ་ལས། །སྙིགས་མ་རྒྱུ་མར་སྐ་སླ་གཉིས་སུ་ཕྱེ། སླ་བ་རྒྱུ་གྲོག་རྩ་ནས་ལྒང་པར་འགྲིལ། ཞེས་དང༌། དྭངས་མ་མཆིན་པའི་གནས་བརྒྱུད་ཁྲག་ཏུ་འགྱུར། །ཁྲག་གི་སྙིགས་མ་མཁྲིས་པའི་གནས་སུ་གསོག །མཁྲིས་པའི་དྭངས་མ་ལུས་ཀྱི་ཆུ་སེར་འགྱུར། །མཁྲིས་པའི་སྙིགས་མ་ཆུ་ཡི་ཀུ་ཡར་འགྱུར། །རྩ་མིག་འགྲིམ་ནས་ལྒང་པའི་གནས་སུ་གསོག །ཅེས་དང༌། ཀུ་ཡ་ཁྲག་མཁྲིས་གནས་ནས་བྱུང་བའི་ཕྱིར། །ལུས་ལ་ཚ་གྲང་གང་ཡོད་ཆུ་ལ་གསལ། །དཔེར་ན་ཚོང་པས་ཚོང་འདུས་གཏམ་བརྗོད་བཞིན། །ཞེས་ཤིན་ཏུ་གསལ་བར་གསུངས་ཡོད།       དེའང་གནས་དང་ན་སོ་སོགས་ཀྱི་རྐྱེན་པས་ཐ་མལ་པའི་ཆུའི་རང་བཞིན་དང༌། དེ་ལས་ལྡོག་པ་རྣམ་འགྱུར་གྱི་ནད་ཆུ། བལྟ་བའི་དུས་གསུམ། བརྟག་པའི་ཚུལ་དགུ་སོགས་ཤིན་ཏུ་ཞིབ་པར་གཏན་ལ་ཕབས་ཡོད་པས་ན་རྒྱ་གར་ཚེའི་རིག་བྱེད་ཀྱི་ཆུ་ལ་བརྟག་ཚུལ་ལས་བརྒལ་བར་རྟོགས་ནུས་སོ།།
ཕྱི་ནང་གི་འབྱུང་བའི་འབྲེལ་ཚུལ།
        དེ་བཞིན་ཕྱིའི་དུས་བཞིའི་འགྱུར་འགྲོས་སོགས་ཀྱི་འབྱུང་བ་དང༌། ནང་སྐྱེས་བུའི་རྒྱུད་ཀྱིས་བསྡུས་པའི་ས་སོགས་འབྱུང་བ་རྣམས་འབྲེལ་བ་ཡོད་པ་ཙམ་རྒྱ་གར་གྱི་ཚེའི་རིག་བྱེད་དང༌། རྒྱ་ནག་གི་སྨན་གཞུང་སོགས་ལས་ཀྱང་བསྟན་ཡོད་མོད། བོད་ཀྱི་གསོ་བ་རིག་པས་ནི་ཕྱི་ནང་གི་འབྱུང་བ་འབྲེལ་བ་ཡོད་པའི་ཕྱིར་ན་འབྱུང་བའི་རང་བཞིན་གྱི་དུས་ཀྱི་ཆོས་ཉིད་དང་མཐུན་པའི་ཟས་སྤྱོད་སྨན་དཔྱད་རྣམས་བསྟེན་ཚུལ་གསུངས་པ་ཙམ་མ་ཟད། ཕྱིའི་དཔྱིད་སོགས་དུས་བཞིའི་འགྱུར་བ་མངོན་པར་གསལ་བ་རྣམས་ཚུར་མཐོང་དུ་ཉི་མ་དང་ས་གཞིའི་འགྲོས་ཀྱིས་བྱེད་པ་ལྟར་སྣང་ཡང༌། དོན་དུ་ནང་གི་སྐྱེས་བུའི་འབྱུང་བའི་རང་བཞིན་གྱི་རྩ་རླུང་ཐིག་ལེའི་འཕེལ་འགྲིབ་དང་འགྱུར་འགྲོས་ཀྱི་རང་མདངས་ཕྱིར་མངོན་པ་ཡིན་པར་བཞེད། དེའང་ཆུ་ཁམས་དཔེར་བཟུང་ནས་བཤད་ན། ནང་གི་འབྱུང་བ་ཆུ་ཁམས་ཀྱི་ངོ་བོར་གྱུར་པའི་དོན་ནི། དོན་སྣོད་དང་རྡུལ་ཕྲན་སོ་སོའི་ཆུ་ཁམས་ཀྱི་ཆ་ཤས་རྣམས་རང་འགྲུབ་བྱེད་ཀྱི་འབྱུང་བ་གཞན་ལས་སྟོབས་ཆེར་གྱུར་ནས་འབྱུང་བ་འགའ་ཞིག་བག་ལ་ཞ་བ་དང། གཞན་རྣམས་མངོན་པར་མི་གསལ་བར་གྱུར་ཏེ། རྩ་རླུང་གི་རྒྱུ་བ་རྣམས་ཀྱང་ཆུ་ཁམས་ཀྱི་མཚན་ཉིད་ཅན་དུ་གྱུར་པས་དོན་སྣོད་གཞན་གྱི་རང་ཁམས་ཀྱི་ངོ་བོར་གྱུར་པའི་རྩ་རླུང་གི་རྒྱུ་བ་རྣམས་ཀྱང་རང་གི་མཚན་ཉིད་མི་གསལ་བར་གྱུར་ཏེ་ཐམས་ཅད་ཆུ་ཁམས་ཀྱི་རང་བཞིན་ནམ་མཚན་ཉིད་ཅན་དུ་གྱུར་པ་དང༌། དེའི་ཆོས་ཉིད་ཀྱིས་ཕྱི་རོལ་ཡུལ་གྱི་འབྱུང་བ་ཆུ་ཁམས་སྟོབས་སུ་གྱུར་པས་ཉི་མ་ལྷོ་བགྲོད་ཀྱི་མཐར་ཐུག་ཏུ་གྱུར་ནས་ཉིན་མོ་ཐུང་ཞིང་མཚན་མོ་གྲངས་དུས་རིང་བ་དང༌། ས་རྣམས་སྒོང་ཞིང་ཆུ་རྣམས་འཁྱག་རོམ་དུ་འགྱུར་བ་དང༌། རྒྱུ་སྐར་སྨིན་དྲུག་དང༌། མགོ་སོགས་ཆུ་ཁམས་ཅན་རྣམས་ཀྱིས་ཟླ་བར་དབང་བ་སོགས་ཕྱི་ནང་གི་འབྱུང་བ་ངོ་བོ་བདག་ཉིད་གཅིག་པའི་འབྲེལ་ཚུལ་དེ་ལྟར་ཡིན་ཏེ་ཕྱི་རྒྱུད་ལས། དང་པོ་དུས་དོན་ཁམས་དང་རྩ་རུ་སྦྱར། །ཞེས་དང༌། དགུན་ཟླ་གསུམ་ནི་ས་ཆུ་འཁྱག་སྒང་དུས། །སྨིན་དྲུག་མགོ་རྒྱལ་གསུམ་གྱིས་ནམ་ཚོད་འཛིན། །ཤ་བ་ནག་པོ་ངུ་སྐད་འབྱིན་པའི་དུས། །བདུན་ཅུ་རྩ་གཉིས་ཆུ་ཁམས་མཁལ་རྩ་རྒྱུ། །ཞེས་སོགས་གསུངས། དེའི་གནད་ཀྱིས་རྩ་ལ་བརྟགས་པའི་སྐབས་ཀྱི་དུས་རྩ་ཞེས་པ་ཕྱི་ནང་གི་འབྱུང་ཁམས་འབྲེལ་ཚུལ་གྱིས་རྩའི་མཚན་ཉིད་ཀྱང་འབྱུང་བ་གང་སྟོབས་སུ་གྱུར་བའི་མཚན་ཉིད་ཅན་དུ་འགྱུར་བར་གསུང་པའི་གནད་ཀྱང་འདི་ཉིད་ཡིན་ནོ།།
འོ་ན། བརྒྱད་པ་ལས། དེ་ལས་དགུན་ཟླ་ཐ་ཆུང་སོགས། །གསུམ་ནི་བྱང་དུ་འགྲོ་ཞེས་བྱ། །དེ་ཚེ་མི་རྣམས་ཉིན་རེ་བཞིན། །མཐུ་འཕྲོག་པ་ཞེས་བྱ་བ་ཡིན། །སོགས་གསུངས་པས་དེ་དག་དང་མི་མཚུངས་སམ་ཞེ་ན། དེ་ནི་ཤིན་ཏུ་ཐ་དད་པ་ཡིན་ཏེ། གོང་གི་བརྒྱད་པའི་ལུང་དེས་ལོ་རེར་ཉི་མའི་བགྲོད་པའི་དབང་གིས་དུས་དྲུག་གམ་བགྲོད་པ་གཉིས་སུ་བྱས་པའི་བགྲོད་པ་སོ་སོའི་མཚན་ཉིད་བསྟན་པ་ཡིན། དེའང་རགས་རྩིས་ལྟར་ན་དགུན་ཟླ་ཐ་མ་ནས་མགོ་བརྩམས་ཏེ་བྱང་བགྲོད་ཀྱི་མཐར་ཐུག་བར་གྱི་ཡུལ་ལ་ཉི་མ་བྱང་བགྲོད་ཀྱི་དུས་ཡིན་ཅིང། དེ་ལ་དུས་གསུམ་མམ་ཉིན་ཞག་ཆིག་བརྒྱ་བརྒྱད་ཅུ་ལྷག་ཡོད་པས། དེའི་རིང་མི་རྣམས་ཆུ་ཚོད་དང་ཉིན་ཞག་སྔ་མ་ལས་ཕྱི་མར་རིམ་བཞིན་སྟོབས་ཆུང་དུ་འགྲོ་བ་ཡིནཏེ། དེའང་གང་གིས་མཐུ་སྟོབས་འཕྲོག་པར་བྱེད་ཅེ་ན། ཉི་མ་བྱང་དུ་བགྲོད་པའི་ཚེ་ན་མེ་རླུང་སྟོབས་སུ་གྱུར་པས་ཤིན་ཏུ་རྣོ་བ་དང༌། ཚ་བ་དང༌། རྩུབ་པའི་ངོ་བོ་ཅན་དུ་གྱུར་པ་དེས་རང་གི་རང་བཞིན་ཅན་གྱི་རོ་ཚ་བ་དང་སྐ་བ་དང་ཁ་བ་སོགས་ཀྱི་སྟོབས་བསྐྱེད་པ་དང༌། རང་གི་རང་བཞིན་ལས་གཞན་དུ་གྱུར་པ་ས་ཆུའི་ཡོན་ཏན་ལྕི་སྣུམ་ལ་སོགས་པའི་རང་བཞིན་ཅན་གྱི་ཡོན་ཏན་འཛིན་པའི་རོ་མངར་བ་དང་སྐྱུར་བ་དང་ལན་ཚ་བ་རྣམས་ཀྱི་ཡོན་ཏན་རྣམས་ཉིན་རེ་བཞིན་ཟད་པར་བྱེད་པས་སོ།། ཞེས་མི་རྣམས་ཀྱི་ནུས་སྟོབས་ཆེ་ཆུང་དུ་འགྱུར་བའི་རྒྱུ་ཕྱི་རོལ་གྱི་ཉི་མའི་བགྲོད་པའི་མཚན་ཉིད་ཀྱི་བྱེད་པའི་དབང་གིས་རོ་དྲུག་གམ་འབྱུང་བ་བཞིའི་རང་བཞིན་ཅན་གྱི་ཟས་སྐོམ་སོགས་ཀྱི་རང་གི་བདག་ཉིད་ཅན་གྱི་མཚན་ཉིད་འཕེལ་འགྲིབ་ཀྱིས་བྱེད་པར་བསྟན་པ་ཡིན་པས་གོང་དུ་བཤད་པའི་ཕྱི་ནང་གི་འབྱུང་བའི་འབྲེལ་ཚུལ་གྱི་ལྟ་གྲུབ་དང་ཆེས་ཐ་དད་པ་ཡིན་པའི་ཕྱིར་ན་ཚོགས་པ་དང་ཡ་གྱལ་གྱི་དཔེ་བཞིན་ཚེའི་རིག་བྱེད་དང་བོད་ཀྱི་གསོ་བ་རིག་པའི་གྲུབ་མཐའ་དང་ལག་ལེན་ལ་མི་མཚུངས་ས་དུ་མ་ཡོད་པར་མངོན་ནོ།།
ནད་བཅོས་ལག་ལེན།
        རྒྱ་གར་གྱི་ཚེའི་རིག་བྱེད་དང༌། བོད་ཀྱི་གསོ་བ་རིག་པའི་གཞུང་གཉིས་ཀྱི་གསོ་བྱའི་ནད་ཀྱི་རྒྱུ་རྐྱེན་སོགས་ལ་བལྟ་ཚུལ་གྱི་ཁྱད་པར་ཅུང་ཟད་ཙམ་ནི་གོང་དུ་སྨོས་ཟིན་ཅིང༌། ཞིབ་པར་ནད་སོ་སོའི་དབྱེ་བསྡུ་དང༌། ངོ་བོ་དང༌། ངོས་འཛིན་དང༌། བཅོས་ཐབས་སོགས་ཀྱི་ཁྱད་པར་རྒྱས་པར་གཞན་དུ་བྱེད་པ་ལས་ཤེས་པར་འགྱུར་ཞིང༌། འདིར་མགོ་སྨོས་ཙམ་ཞིག་སྨོས་ན།  དེང་སང་རིག་གསར་གྱིས་ནད་ཀྱི་རྒྱུའམ་ངོ་བོ་ནི་ནད་འབུ་ཕྲ་མོ་Virusངོ་བོ་དང་རིགས་མི་འདྲ་བ་སྣ་ཚོགས་ལས་ནད་གཞི་སྣ་ཚོགས་སུ་འགྱུར་བར་བཤད་པ་དང་མཚུངས་པར་བོད་ཀྱི་གསོ་བ་རིག་པའི་གཞུང་དང་མན་ངག་རྣམས་ལས་གཉན་ནམ་ཏྲེ་ཏྲེ་ཧོ་ཞེས་པ་ནད་འབུ་ཕྲ་མོ་དབང་རྟེན་གྱི་ངོས་བཟུང་མི་ནུས་པ་ཞིག་རྒྱུ་རྐྱེན་སྣ་ཚོགས་པས་ཕྱི་རོལ་ནས་ནང་དུ་ཞུགས་ཏེ། དེ་ཉིད་བབས་སའི་གནས་དང་ནད་འབུའི་རིགས་ཀྱིས་བསྒྱུར་བས་ངོས་བཟུང་དང་བཅོས་ཐབས་དཀའ་བའི་ནད་གཞི་སྣ་ཚོགས་འབྱུང་བར་གསུངས་ཏཻ། བདུད་རྩི་བུམ་པ་ལས། རྒྱུ་ལ་རྐྱེན་དེས་ཏྲེ་ཏྲེ་ཧོ་ཞེས་སམ། །པརྤ་ཏ་སྟེ་སྲིན་འབུའི་གཟུགས་སྤྲུལ་པ། །རྩང་པའི་མགོ་དབྱིབས་ཁ་ཆེ་སྦྲུལ་ལྟ་བུ། །མཇུག་རིང་རྟ་བླ་ལྟར་དུ་ཡན་ལག་མང༌། །རླུང་གཤོག་ལྡན་པ་ཕྱོགས་ཀུན་རྒྱུ་བ་སྟེ། །བར་སྣང་ཁམས་ནས་བ་སྤུ་སྣ་སྒོར་འཇུག །ཅེས་དང༌། དེ་བསྟུན་ལུས་ལ་གནས་པའི་སྲིན་འབུ་ནི། །ཁྲག་སྲིན་རྐང་མེད་ཟླུམ་ལ་དམར་བ་དེ། །ཁྲག་ལ་གནས་ཤིང་རྩ་ནང་ཀུན་ཏུ་རྒྱུགས། །གཉན་ནད་ཀུན་གྱི་རྒྱུ་དང་མཛེ་ནད་བྱེད། །ཞེས་དང༌། ཟངས་ལྟར་དམར་ཞིང་ཕྲ་ལ་ལྟར་མི་མངོན། །སྐད་ཅིག་ཙམ་གྱིས་མགོ་རྐང་ཁྱབ་རྒྱུག་ནུས། །ཞེས་ནད་འབུ་དེ་དག་གི་ཁྱད་ཆོས་དང༌། དབྱིབས་དང༌། འཇུག་ཚུལ་དང་ནད་བྱེད་ཚུལ་སོགས་དེང་གི་རྫས་བསྒྱུར་སྣ་ཚོགས་དང༌། འཕྲུལ་ཐབས་ཀྱི་ཡོ་བྱད་སྣ་ཚོགས་སྤྱད་དེ་ཁབ་རྩེ་གྲོང་གི་རྒྱ་ཁྱོན་ཙམ་མཐོང་བར་བྱེད་པའི་སྐབས་སུ་གང་མཐོང་བ་དང་ཁྱད་པར་མེད་པ་ཙམ་མ་ཟད༌། ནད་དེ་འདྲ་འབྱུང་བའི་རྒྱུ་རྐྱེན་དང༌། དེའི་མངོན་ཚུལ། ནད་རྟགས་བཅོས་ཐབས། སྔོན་འགོག་རྗེས་གཅོད་བཅས་ཇི་ལྟར་བྱ་ཚུལ་རྣམས་ཀྱི་ལག་ལེན། མན་ངག དེའི་རིག་པའི་གཞུང་ལུགས་དང་བཅས་པ་ཞིབ་རྒྱས་གསུངས་ཤིང་དེ་དག་གི་ལག་ལེན་མ་ཉམས་པར་གནས་པ་རྣམས་ནི་སྔར་གྲགས་པའི་གསོ་ཐབས་གཞན་རྣམས་སུ་ལྟ་ཅི། ཚེའི་རིག་བྱེད་ཀྱི་གཞུང་ལུགས་སུའང་མེད་པའི་ཁྱད་ཆོས་སུ་སྣང་བས་དཔྱོད་ལྡན་རྣམས་ཀྱི་གཟུ་བོའི་བློས་ཕན་ཚུན་ཞིབ་སྡུར་མཛད་ན་ཐུན་མིན་གྱི་ཁྱད་པར་མངོན་པར་གསལ་ཐུབ་པ་ཡོད་དོ།།
འོ་ན་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། རིམས་ནི་ནད་བདག་སྡིག་ཅན་དང༌། །འཆི་བདག་མདངས་ཟ་འཆི་བྱེད་ཡིན། །ཁྲོས་པར་གྱུར་པས་མཆོད་སྦྱིན་བརླག །དྲག་པོའི་དཔྲལ་བའི་མིག་ལས་བྱུང༌། །སྐྱེ་དང་འཆི་ཚེ་རྨོངས་བྱེད་པ། །མི་འཕྲོད་སྣ་ཚོགས་བསྟེན་ལས་བྱུང༌། །སོགས་གསུངས་པ་རྣམས་དང་གནད་གཅིག་པར་མི་འགྱུར་རམ་ཟེར་ན། དེ་གཉིས་གནད་གཅིག་དོན་མེད་དེ། བརྒྱད་པ་ལས་གསུངས་པའི་ལུང་དོན་ནི་རིམས་ནད་ནི་ལྷ་གང་ཞིག་ཁྲོས་པའི་དཔྲལ་བའི་མེས་གྲོང་ཁྱེར་གསུམ་བརྩེགས་ཐལ་བར་བརླགས་པར་བྱེད་པའི་མཐུ་ཅན་དབང་ཕྱུག་ཆེན་པོའི་མིག་གསུམ་པ་ལས་བྱུང་ཞིང༌། དེའང་ནད་བདག་དང་སྡིག་ཅན་སོགས་མིང་གི་རྣམ་གྲངས་དུ་མའི་སྒྲས་བརྗོད་པ་ཅན་འབྱུང་བའི་དོན་ཏེ། དེ་ལའང་སྤྱིར་རིག་བྱེད་ཀྱི་གཏམ་རྒྱུད་དུ་ཚངས་པས་འཇིག་རྟེན་བསྐྲུན་པ་དང༌། ཁྱབ་འཇུག་གིས་སྐྱོང་བ་དང༌། དབང་ཕྱུག་གིས་བཤིག་པར་གྲགས་པ་དང་སྒོ་བསྟུན་ནས་གསུངས་པ་ཡིན་ཅིང༌། མདོར་ན། གོང་དུ་བཤད་པ་བཞིན་ནད་སོགས་སྡུག་བསྔལ་རྣམས་བྱེད་པོ་གཞན་ཞིག་གིས་བྱས་པའི་དོན་ཡིན་པས་དེ་གཉིས་ནི་རི་བོ་དང་རྡུལ་ཕྲན་གྱི་ཁྱད་པར་ཡོད་དོ།།
སྦྱོར་བ་སྨན།
འཕགས་ཡུལ་གྱི་ཚེའི་རིག་བྱེད་དང༌། བོད་ཀྱི་གསོ་བ་རིག་པ་གཉིས་ཀས་སྦྱོར་བ་སྨན་དུ་བསྐོལ་རྒྱུའི་རྫས་ལ་ཁྱད་པར་གང་ཡང་མེད་ཅེས་གླེང་ཐུབ། འོ་ན་ལག་ལེན་ཁྲོད་དུ་དེང་སྐབས་རྒྱ་གར་གྱི་སྨན་དུ་བསྐོལ་བཞིན་པའི་སྨན་རྫས་འགའ་བོད་སྨན་དུ་སྤྱོད་སྲོལ་མེད་ཅིང༌། བོད་ཀྱི་སྨན་དུ་སྤྱོད་པ་འགའ་ཞིག་ཀྱང་རྒྱ་གར་གྱི་སྨན་དུ་མི་བསྐོལ་བས་དེ་གང་ཡིན་ཅེ་ན། དེ་ནི་བསྐོལ་བྱའི་རྫས་ཀྱི་ནུས་པ་འགའ་ཞིག་བསྐོལ་བ་པོར་ངོ་འཕྲོད་དང་མ་འཕྲོད་ཀྱི་ཁྱད་པར་ཙམ་ལས་གཞན་གང་ཡང་མིན། མ་འོངས་པར་རིམ་པས་རྫས་དེ་དག་གི་ནུས་པ་ཤེས་རྟོགས་བྱུང་མཚམས་གཉིས་ཀས་ནད་གསོ་བྱེད་དུ་ཁྱད་པར་མེད་པར་སྤྱོད་པར་འགྱུར་བ་གདོན་མི་ཟ་བ་ཡིན་ཏེ། བཤད་རྒྱུད་ལས། དེ་བས་དངོས་དང་སྦྱར་བའི་དབང་གིས་ནི། །ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན། །ཞེས་དང༌། སྐྱེས་ཚད་མཐོང་ཚད་སྨན་དུ་མ་ཁོལ་ན། །ནུས་ལྡན་དཀོན་པ་བཙལ་ཀྱང་ག་ལ་བརྙེད། །ཅེས་ས་སྟེང་ན་སྨན་མ་ཡིན་པ་ཅི་ཡང་མེད་ཅིང་ཐམས་ཅད་སྨན་དུ་བསྐོལ་རུང་བར་གསུངས་པའི་དོན་བཞིན་བོད་ཀྱི་འཚོ་བྱེད་མཁས་པ་དག་གིས་ཕྱག་ལེན་དུ་སྟར་བ་ཡིན། འོན་ཀྱང་བཀོལ་བྱའི་རྫས་རྣམས་ནད་པའི་ལུས་ལ་འཕྲོད་ཅིང་ཟུངས་ལ་མི་གནོད་པའི་ཐོག་ཏུ་གསོ་བྱའི་ནད་གཞི་གང་ཡིན་གསོ་ཐུབ་པ་ཞིག་གི་རྩ་དོན་རྒྱུན་འཁྱོངས་ཀྱིས་སྨན་རྣམས་སྦྱོར་དགོས་པའི་ཕྱིར་ན་སྦྱོར་བ་སྨན་གྱི་ཆོ་ག་རྣམས་ལ་ཁྱད་པར་ཡོད་དེ། དཔེར་ན་ལུགས་ཆེན་གཉིས་ཀས་ལྕགས་སྨན་དུ་བཀོལ་བར་འདྲ་ཡང༌། ལྕགས་ནི་ལུགས་སྲོལ་གཉིས་ཀས་ཐད་ཀར་ནང་དུ་སྤྱོད་རྒྱུའི་སྨན་དུ་བསྐོལ་མི་གཏུབ་ཅིང༌། དེས་ན་དེ་ཉིད་ནང་དུ་བསྟེན་པས་ཕོ་བ་སོགས་འཇུ་བྱེད་རྣམས་ཀྱིས་ལེགས་པར་ཞུ་ཞིང་ཁྲག་སོགས་ལུས་ཟུངས་རྣམས་སུ་འདྲེས་ཏེ་རང་གི་ནུས་པས་ལུས་ཀྱི་ཁམས་རྣམས་རྒྱས་པའི་སྒོ་ནས་ལུས་ཟུངས་ཉམས་པ་རྣམས་གསོ་ཐུབ་པ་ཞིག་ཏུ་བསྒྱུར་ནས་ད་བཟོད་སྨན་དུ་བསྐོལ་བ་ཡིན། དེར་བརྟེན་དེ་ལྟར་བསྒྱུར་བའི་ཐབས་དེ་ལ་ཆོ་གའམ་སྒྲུབ་ཐབས་ཟེར་བ་ཡིན་པས། དེའི་འདུལ་སྦྱོང་བཙོ་སྲེགས་སོགས་ཀྱི་གོ་རིམ་དང་རྣམ་གྲངས། ཐབས་ལམ་འགའ་ཞིག་མཚུངས་ཀྱང་རེས་འགའ་མི་མཚུངས་པ་ཡོད་པ་སྨོས་ཅི་དགོས། དེའི་ཕྱིར་ལུགས་སྲོལ་གཅིག་ལ་དཀའ་ཚེགས་ཆེན་པོ་དང༌། དུས་ཚོད་རིང་པོར་སྒྲུབ་དགོས་པ་འགའ་ཞིག་ཅིག་ཤོས་ཀྱིས་དཀའ་ཚེགས་ཆེར་མེད་པར་དུས་ཐུང་ངུར་ལེགས་པར་སྒྲུབ་ཐུབ་པ་ཡང་ཡོད་པ་ཆོས་ཉིད་ཡིན་པས་དེ་ནི་ལུགས་དེའི་ཁྱད་ཆོས་དང་དེ་གཉིས་ཀྱི་ཁྱད་པར་དུ་བགྲང་རུང་ངོ༌།།
དེ་ཡང་བོད་ཀྱི་གསོ་རིག་གི་གཞུང་རྣམས་ལས་སྨན་ལ་བལྟ་ཚུལ་ལམ་འདུ་ཤེས་འཛིན་སྟངས་སམ་ཤེས་པར་བྱ་བ་ནི་དགོས་འདོད་འབྱུང་བའི་ནོར་བུར་ཤེས་དགོས་པ་དང༌། ནད་གསོ་བའི་བདུད་རྩིར་ཤེས་དགོས་པ་དང༌། རིག་འཛིན་མཆོད་པའི་རྫས་སུ་ཤེས་པར་བྱ་དགོས་པ་གསུམ་གསུངས་ཡོད། དེས་ན་ནོར་བུ་རིན་པོ་ཆེ་དོན་དུ་གཉེར་མཁན་དེས་དང་པོ་ནོར་བུ་དེའི་བསྟན་བཅོས་མཁས་པ་བཙལ་ནས་དེ་ལས་ནོར་བུའི་མཚན་ཉིད་དང་མཆོག་དམན། དངོས་དང་མཆིང་བུ་སོགས་ཀྱི་ཁྱད་པར་ལ་སྒྲོ་འདོགས་ལེགས་པར་ཆོད་པར་བྱས་ནས་གཟོད་ལུས་སྲོག་ཡར་བར་འདོར་བའི་དཀའ་ཐུབ་བསྟེན་དགོས་ཀྱང་སྐྱོན་གྱི་དྲི་མ་དང་བྲལ་བའི་ནོར་བུ་འཚོལ་བ་ལ་ཞུགས་པ་དང༌། དེས་འབད་པས་བཙལ་ནས་ཐོབ་པའི་ནོ་བུ་དེ་ཉིད་ཅི་གར་མི་འཇོག་པར་འབད་པས་སྲུངས་ཏེ། དུས་ལ་བབ་ཚེ་རྒྱལ་མཚན་གྱི་རྩེ་མོར་འཕྱར་ཏེ་དགོས་འདོད་སྩོལ་བའི་གསོལ་བ་བཏབས་ཏེ་འདོད་རྒུ་ལེན་པ་བཞིན། སྨན་ནི་སྨན་པ་ལ་དགོས་པའི་མཁས་པའི་སྙན་གྲགས་དང༌། གང་འདོད་ཀྱི་ཟང་ཟིང་སོགས་སྡིག་སྡུག་གཏམ་ངན་གང་ཡང་མེད་པར་འབྱུང་བའི་ཕྱིར་ན་ནོར་བུ་དང་འདྲ་བ་ཡིན།
དེའང་ནོར་བུར་སྒྲོ་འདོགས་གཅོད་པ་བཞིན་སྨན་པ་མཁས་པ་ལ་བསྟེན་ནས་སྨན་རྫས་རྣམས་ཀྱི་ངོ་བོ་ངོས་འཛིན། རོ་དང་ནུས་པ་དབྱིབས་དང་ཁ་དོག་སོགས་ཐེ་ཚོམ་གྱི་དྲི་ཙམ་མེད་པར་སྒྲོ་འདོགས་ནང་ནས་ཆོད་པ་ཞིག་དགོས་ཤིང༌། དེ་འདྲ་མ་བྱུང་ན་ནོར་བུ་དང་མཆིང་བུ་ནོར་ན་རང་ལ་དགོས་འདོད་མི་འབྱུང་བ་མ་ཟད་གཏམ་ངན་གྱི་གྲགས་པས་ཁྱབ་པ་བཞིན་སྨན་ཡང་དེ་དང་ལྷག་པར་འདྲ་བ་ཡིན། དེ་འདྲའི་ནོར་བུ་དེ་ཉིད་ལས་དགོས་འདོད་ལེན་འདོད་པ་ཞིག་དང་དེས་བཙལ་ན་ཐོབ་རྒྱུ་ཡོད་ན་དེ་མི་འཚོལ་བར་ལས་དོན་ཉེ་ཚེ་བ་ཞིག་ལ་མགོ་འཁོར་ནས་བསྡད་ན་མི་མཁས་པ་གཞན་དང་ཁྱད་མེད་པ་བཞིན། ནད་སེལ་ཞིང་དགོས་འདོད་སྩོལ་བའི་སྨན་དེ་ངོ་ཤེས་ནས་འབད་པས་རྩོལ་སྒྲུབ་བྱེད་དགོས་པ་ལས་རང་གར་འབད་བརྩོན་མེད་པར་བསྡད་ན་མ་ཤེས་པ་གཞན་དང་འདྲ་ཞིང་དཀའ་བས་བསླབ་པ་དོན་མེད་དུ་གྱུར་བས་དཀའ་ཚེགས་དང་རྒྱུ་འགྲོ་ལ་མི་བལྟོས་པར་དུས་སུ་འཚོལ་སྒྲུབ་དགོས་པ་ཡིན། དེ་ལྟ་བུའི་དཀའ་བས་བརྙེད་པའི་ནོར་བུ་དེ་རྩ་ཆེར་བཟུང་ནས་འབད་པས་སྲུང་བ་བཞིན་རང་གི་འབད་པས་བཙལ་ནས་བརྙེད་པའི་སྨན་དེ་སྣང་མེད་དུ་མི་འཇོག་པར་རྡུལ་དང་མི་གཙང་བ། ཚ་གྲང་དང་སྲོག་ཆགས་ཀྱི་འཇིག་པ་ལས་འབད་པས་སྲུང་དགོས་པ་ལས་ནོར་བུ་རིན་པོ་ཆེ་བརྙེད་དེ་སྟོར་བ་བཞིན་འགྱུར་བས་སྨན་རྫས་རྣམས་ཐོབ་ནས་གང་འཚམས་དང་ཇི་དགོས་ཀྱི་ཆ་རྐྱེན་དང་ཡོ་བྱད་སྤྱད་དེ་ཉར་འཇོག་བདག་གཅེས་ལེགས་པར་བྱ་དགོས་པར་གསུངས། དེ་ནས་སྲིད་ན་དཀོན་པའི་ནོར་བུ་དགོས་འདོད་ཀུན་འབྱུང་དེ་རྒྱལ་མཚན་གྱི་རྩེ་མོར་འཕྱར་ནས་དགོས་འདོད་ཞུ་བ་བཞིན། རྙེད་པར་དཀའ་བ་ཐོབ་ཅིང་བར་ལམ་ཆུད་ཟོས་སུ་མ་སོང་བའི་སྨན་རྣམས་ཕུན་སུམ་ཚོགས་ཤིང་འཕྲོད་པར་སྦྱར་བས་འགྲོ་བ་ནད་ཀྱི་ཟུག་རྔུའི་སྡུག་བསྔལ་དང་བྲལ་བའི་བདེ་བ་ལ་རེ་ཞིང་སྒུག་པ་རྣམས་ཀྱི་རེ་འདོད་ཡིད་བཞིན་དུ་སྐོང་པའི་ཐབས་ལ་འབད་དགོས་པ་ཡིན་ནོ།།
གཉིས་པ་བདུད་རྩིར་ཤེས་དགོས་པ་ནི། ལེགས་པར་སྦྱར་ཞིང་བྱིན་གྱིས་བརླབ་པ་ཡིན་ཏེ། དེའང་བདུད་རྩིའི་གོ་དོན་ནི་ཨམྲྀཏ་སྟེ། མྲྀཏ་འཆི་བའམ་བདུད་ཡིན་ཅིང་དེ་ཉིད་འཇོམས་པར་བྱེད་པ་རྩི་ཡིན་པའི་ཕྱིར་ལུས་ལ་མི་བདེ་ཞིང་ཟུག་རྔུ་བསྐྱེད་པ་ཞི་ཞིང་འཇོམས་པར་བྱེད་པའི་སྨན་ལ་སྐབས་འདིར་བསྟན་གྱི་བདུད་རྩིར་གོ་དགོས། དེ་ལྟ་བུའི་སྨན་དེ་ཉིད་གོང་དུ་སྨོས་པ་བཞིན་སྐྱེས་ཚད་དང་མཐོང་ཚད་བསྐོལ་ནུས་ཀྱང་དེ་ཉིད་ལུས་ལ་འཕྲོད་ཅིང་ནད་ཞི་ཞིང་འཇོམ་པ་ཞིག་དགོས་པའི་ཕྱིར་དེའི་ཐབས་ཀྱི་རིམ་པ་དེར་སྨན་ཀུན་བཅུད་དུ་སྒྲུབ་པའི་ལས་ཆོག་གམ། སྦྱོར་བ་སྨན། སྨན་གྱི་ཆོ་ག བྷ྄ཡཥཛ྄ཻཡལྤན། ཞེས་ཤིན་ཏུ་གལ་གནད་ཅན་གྱི་ལག་ལེན་དང་མན་ངག་ཞིག་ཡིན་ནོ།།
དེས་ན་སྨན་རྣམས་སྐྱེ་སར་སྐྱེ་བ་དང་དུས་སུ་བཏུས་པ་སོགས་ཀྱི་ཡོན་ཏན་དུ་མ་དང་ལྡན་པ་དང༌། དེ་དག་དུག་འདོན་པ་གཡའ་ཕྱི་བ་གཡའ་ཁུ་འདོར་པ། བཙོ་བ་དང༌། བཀྲུ་བ་དང༌། གདུ་བ་དང༌། བསྲེ་བ་དང༌། བསྣུན་པ་སོགས་ཀྱི་ཆོ་ག་དུ་མ་དང་ལྡན་པ་དང༌། དེའང་ནད་གཞི་གང་ཡིན་ཞི་ཞིང་ནད་གཞན་བླ་བསྣན་དུ་མི་སྐྱེ་བ་དང༌། དེའང་ནད་གཞི་འཕྲལ་དུ་ཞི་བ་སོགས་གནས་དང་ཉེས་པ་སོ་སོའི་ཁ་འཛིན་མ་ཚང་བ་མེད་པ་བཅས་ཕུན་ཚོགས་པ་དང༌། དེའང་ལུས་ཟུངས་དང་དབང་པོ་རྣམས་ལ་མི་གནོད་པ་དང༌། ཕོ་བ་སོགས་ཀྱི་མེ་དྲོད་དང་ཉམས་སྟོབས་ལ་མི་གནོད་ཅིང་དེ་དག་རྒྱས་པར་བྱེད་པ་སོགས་འཕྲོད་པར་སྦྱར་བ་ལ་སྨན་ཞེས་འབྲས་མིང་རྒྱུར་བཏག་པ་ཞིག་ལ་ཟེར། དེ་ལྟ་བུའི་ལག་ལེན་མན་ངག་རྒྱུད་ལྡན་གྱི་གང་ཟག་ཞིག་ལ་སྨན་པ་དང༌། དེ་འདྲ་འཁྲུལ་མེད་དུ་སྟོན་པའི་གཞུང་ཞིག་ལ་སྦྱོར་བ་སྨན་གྱི་ཆོ་གའམ། སྨན་ཀུན་བཅུད་དུ་སྒྲུབ་པའི་ལས་ཆོག་བྱ་བ་ཡིན་གྱི། འདོད་པས་གདུང་ནས་ནོར་ཕྱིར་ཅི་མཐོང་སྦྱར་ཞིང་བྱིས་པ་མགོ་སྐོར་གཏོང་སླད་མཛེས་ཆོས་སྣ་ཚོགས་དང་ཕན་ཡོན་དང་ལོ་རྒྱུས་རྫུན་གྱི་འཕྲེང་བས་བླུན་པོ་བསླུ་བར་བྱེད་པ་རྣམས་ལ་སྨན་ཟེར་ཡང་བརྟག་པར་བྱ་བའི་གནས་སུ་སྣང་ངོ༌།། དེ་ཡང་བཤད་རྒྱུད་ལས། སྨན་ནི་ཆོ་ག་ཡོན་ཏན་དུ་མ་ལྡན། །ཕུན་སུམ་ཚོགས་ཤིང་འཕྲོད་པར་སྦྱར་བ་འོ། །ཞེས་གསུངས་པའི་ཕྱིར་རོ།། དེ་ལྟ་བུའི་ཡོན་ཏན་དང་ཆོ་ག་ཕུན་སུམ་ཚོགས་པར་སྦྱར་བའི་སྨན་ནམ་རྫས་དེ་ལ་ནད་སེལ་བ་སོགས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ་མངའ་སྟེ་མཐོང་ཆོས་སུ་སྣང་བའི་ཕྱིར་རོ།།
དེ་ལྟར་འཕྲོད་པར་སྦྱར་ཞིང་ནུས་པ་ཕུན་སུམ་ཚོགས་པའི་སྨན་དེའི་ཡོན་ཏན་གོང་ནས་གོང་དུ་འཕེལ་བ་སོགས་དགོས་པ་དུ་མའི་སླད་དུ་སྔགས་དང་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབ་པ་ཡིན་ཏེ། དེའང་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་གིས་རྡོ་རྗེ་བདུད་རྩིའི་ཡོན་ཏན་གྱི་རྒྱུད་སྡེ་དུ་མ་ཞིག་བཀའ་སྩལ་བ་རྣམས་གྲུབ་ཆེན་ཨ་བྷ྄ཡ་སོགས་ཀྱིས་ལེགས་པར་བཀྲལ་ཏེ་རྡོ་རྗེ་བདུད་རྩི་ལྷ་སོ་ལྔ་པ་དང༌། བདུད་རྩི་འཁྱིལ་བ་ལྷ་བཅུ་དགུ་པ་སོགས་ཀྱི་སྒྲུབ་ཐབས་ལས་ཆོག་དང་བཅས་པ་མཛད་པ་རྣམས་ལས་རིམ་པར་བརྒྱུད་པ་བོད་ཡུལ་དུ་དར་རྒྱས་བྱུང་བ་དང༌། ལྷག་པར་གནམ་སའི་དབང་ཕྱུག་མི་རྗེ་ཁྲི་སྲོང་ལྡེའུ་བཙན་གྱིས་ཨོ་རྒྱན་སངས་རྒྱས་གཉིས་པ་སྤྱན་དྲངས་ནས་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཡོངས་རྫོགས་དར་རྒྱས་སུ་མཛད། ལས་ཅན་ཆོས་རྒྱལ་ཆེན་པོ་སོགས་སྐལ་ལྡན་གྱི་གདུལ་བྱ་ཡང་རབ་རྣམས་སྨིན་གྲོལ་དུས་མཉམ་དུ་མཛད་དེ་གྲུབ་ཐོབ་ཀྱིས་བོད་ཡུལ་བཀང༌། གཡའ་བྲག་གངས་མཚོ་སོགས་བོད་ཡུལ་ཀུན་ཏུ་ཆོས་ནོར་གྱི་གཏེར་གྱིས་བཀང་བར་མཛད་པ་ལས། དུས་ཕྱིས་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་རྣམས་ཀྱིས་རང་རང་གི་ཆོས་སྐལ་གཏེར་ནས་བཞེས་ཏེ་སྣོད་ལྡན་རྣམས་ལ་ཉེ་རྒྱུད་དུ་སྤེལ་བ་ལས་རྡོ་རྗེ་བདུད་རྩིའི་རྒྱུད་སྡེར་གཏོགས་དང་བཅས་པའི་སྒྲུབ་ཐབས་ལས་ཆོག་བསམ་གྱིས་མི་ཁྱབ་པ་བཞུགས་པ་རྣམས་ལས་བདུད་རྩི་སྨན་གྱི་སྒྲུབ་ཐབས་རྒྱས་བསྡུས་སྣ་ཚོགས་ཡོད་པ་ལས་འགའ་ཞིག་གི་ཕྱག་ལེན་མན་ངག་རྣམས་བོད་མིའི་བསོད་ནམས་ཟད་མཐར་མ་ཐུག་པས་ད་ལྟའང་ཚད་མ་བཞི་ལྡན་གྱི་ཚུལ་དུ་བཞུགས་པ་རྣམས་ཀྱི་མན་ངག་ཕྱག་ལེན་བཞིན་སྔགས་དང་ཏིང་ངེ་འཛིན་གྱིས་བདུད་རྩིར་བསྒྲུབས་ཤིང་སྨན་གྱི་ཚུལ་དུ་ནད་པས་གང་འཕྲོད་སྤྱོད་པ་དང༌། དེའི་ཕུད་ཀྱིས་རྩ་གསུམ་དམ་ཅན་རྒྱ་མཚོ་མཆོད་པའི་རྫས་སུ་འབུལ་བ་ཡིན་པས་ཕྱག་ལེན་འདི་དག་གི་ཁྲོད་ནའང་ཐུན་མོང་མིན་པའི་ཁྱད་པར་གྱི་འཕགས་ཆོས་དུ་མ་ཡོད་པ་རྣམས་དཔྱོད་ལྡན་འདྲ་ཡོད་ན་རྟོགས་ཐུབ་པ་ཡིན།
དེ་ཡང་རིང་ལུགས་མི་འདྲ་བའི་གསོ་ཐབས་ཀྱི་རིག་པ་རྣམས་ལས་གསོ་བྱེད་ཀྱི་གཉེན་པོ་ཕལ་ཆེ་བ་ནི་སྦྱོར་བ་སྨན་ཡིན་ལ། དེའང་གོང་དུ་བཤད་པ་བཞིན་ནད་གཞི་འཇོམས་ཤིང་ལུས་ཟུངས་ལ་འཕྲོད་པའི་རྩ་དོན་གཞིར་བཟུང་ནས་རོ་དང་ནུས་པ་དང་ཞུ་རྗེས་ཀྱི་ཡོན་ཏན་མི་འདྲ་བ་དུ་མ་ཅན་གྱི་རྫས་རིགས་སྣ་ཚོགས་པ་ལས་ནུས་པའམ་ཡོན་ཏན་རིགས་མཐུན་འཛིན་པ་རྣམས་ལྷན་དུ་སྡེབས་ཏེ་ཆོ་ག་སྣ་ཚོགས་པའི་སྒོ་ནས་བསྒྲུབ་པ་ནི་འདྲ་ཡང༌། འཇོམས་བྱའི་ནད་གཞི་དང༌། དེ་ལ་འཇོམས་བྱེད་ཀྱི་གཉེན་པོས་དངོས་ཤུགས་གང་གིས་ཚུལ་ཇི་ལྟར་འཇོམས་ཚུལ་སོགས་ལ་ལྟ་གྲུབ་སྣ་ཚོགས་པ་ཞིག་ཡོད་པ་ལྟ་ཅི་སྨོས།
དེ་ལ་བོད་ཀྱི་གསོ་བ་རིག་པའི་སྦྱོར་བ་སྨན་གྱི་རྣམ་བཞག་ལས་བྱུང་བའི་སྨན་གྱིས་ནད་ལ་དངོས་གཉེན་བྱེད་ཚུལ་དང༌། དེ་ནད་ཐོག་ཏུ་དབབ་ཐབས་བཅས་ཀྱི་ལྟ་གྲུབ་དང་རིགས་པ་སྣ་ཚོགས་པ་མགར་བ་མཁས་པའི་ལག་ཆ་བཞིན་ཡོད་པ་ཐམས་ཅད་སྨོས་ཀྱི་མི་ལངས་པས་འདིར་དཔེ་མཚོན་ཙམ་འགོད་ན།
དེའང་གཉན་དང་དུག་ལ་སོགས་པ་བཅོས་རྡུགས་ཀྱི་ནད་གཞི་ཚབ་ཆེན། བཅོས་ཐབས་དང་གཉེན་པོ་ལེན་དཀའ་བའི་རིགས་རྣམས་ལྷ་བདུད་དུ་ཕབ་པ་ལྟ་བུའི་ནད་དེའི་རང་བཞིན་ནམ་ངོ་བོ་ཆ་འདྲ་བས་བྲིད་དེ་དངོས་ཀྱི་གཉེན་པོ་གཞོམ་བྱའི་ཐོག་ཏུ་དབབ་ནས་གསོད་པའི་རིགས་པ་ཞིག་ཡོད་ཅིང༌། དེ་ལ་དགྲ་བོ་དཔུང་དང་རྫོང་བཙན་སར་རྒོལ་བའི་དམག་དཔུང་ཇི་ལྟར་བཤམ་ཡང་ཐུལ་དཀའ་བ་ཞིག་འཇོམས་པར། དགྲ་དེའི་གྲོགས་སམ་ཁོངས་གཏོགས་ཤིག་ཐབས་མཁས་ཀྱིས་རང་ཕྱོགས་སུ་བསྒྱུར་ནས་འཇོམས་དགོས་པ་བཞིན། ནད་དེའི་གྲོགས་སུ་འགྲོ་བའམ་རྫས་སམ་ནད་འབུ་ཕྲ་མོ་དེའི་ཆ་འདྲ་བ་ཞིག་ནང་ཡན་བཏང་བ་ཡིན། དེའང་ནང་ཡན་ཞེས་པ་བརྡ་རྙིང་ཞིག་ཡིན་ཏེ། ནང་སྟེ་རང་མིའི་དོན་ཏེ་ནང་མི་སྨུག་པོ་ལྟ་བུ་དང༌། ཡན་ཞེས་ཡན་གར་བའམ་གཞན་དུ་གྱུར་པ་ཞིག་ལ་གོ་བས། སྔར་རང་གི་ནང་མི་ཡིན་ཀྱང་ཕྱིས་ངོ་བོ་འགྱུར་ཏེ་གཞན་གྱི་ཕྱོགས་སུ་ཤོར་ནས་རང་ལ་རྒོལ་བ་ཡིན་པ་གང་ཞིག་རང་གི་དེ་ལྟར་མ་ཤེས་པ་ཞིག་སྟེ་སྲུང་མ་བདུད་དུ་ཕབ་པའི་དཔེས་བསྟན་པའི་ཕྱིར་རོ།། དེ་འདྲའི་ནང་ཡན་དངོས་ཀྱིས་དགྲ་བོ་འཇོམས་པར་མཚོན་ཆ་དགོས་པ་བཞིན་ནད་གཞི་དུག་དང་ནད་འབུ་གང་ཡིན་གྱི་དངོས་གཉེན་དུ་འགྲོ་བའི་སྨན་ཞིག་དང་སྡེབ་པ་དང༌། དེ་དགྲ་བོ་སྟོབས་ཆེན་དེ་འདྲ་འཇོམས་ཞིང་ནང་ཡན་དགྲར་མི་ལོག་པ་དང༌། གཉེན་པོ་དངོས་ཀྱིས་དགྲ་གསོད་པར་གྲོགས་སམ་དཔུང་སྐྱོར་གལ་ཆེན་ཡིན་པ་བཞིན་གྲོགས་ཀྱི་སྨན་དང་བཅས་པས་ནད་ཀྱི་དགྲ་དཔུང་འཇོམས་པའི་རིགས་པ་ཞིག་ཡོད་ཅིང༌། དེ་ཡང་ནང་ཡན་གང་ཡིན་ཧ་ཅང་མང་ན་དགྲར་ལྡོག་པ་སྟེ་ནད་དངོས་ཀྱི་གྲོགས་སུ་འགྲོ་ཉེན་ཡོད་པས་ཅུང་ཟད་ཀྱིས་ཆོག་པས་དེས་ནད་གཞི་གང་ཡིན་སློང་ཞིང་གཉེན་པོ་དངོས་དང་ལྷན་ཅིག་པའི་ཕྱིར་ནད་ཀྱི་ངོ་བོ་འཇོམས་པ་ཡིན་ཏེ་ནད་འབུམ་དང་མན་རྒྱུད་མཐུན་པར།
གསུམ་པ་དུག་ནད་དུག་གིས་གསོ་བ་སྟེ། །ནང་ཡན་གྲོགས་པོ་མཚོན་ཆ་རྣམ་པ་གསུམ། །ཞེས་དང༌། རྡོ་ལ་ནང་ཡན་གངས་ཐིག་ཆུ་རྡེའུ། །གཡུ་དང་མཚལ་དཀར་གཅོང་ཞི་རྣམ་པ་ལྔ༌། ཚ་བ་གསུམ་གྱི་གྲོགས་ལ་ཟེ་ཚའི་མཚོན། །ཞེས་དང༌། དངོས་ལ་ནང་ཡན་དུག་སྣ་ཅི་ཚོགས་ལ། །གྲོགས་སུ་ཨ་རུ་མཚོན་དུ་དྲི་ཆུ་བསྐུར། །སློང་བསྡུད་ངོ་བོས་ངོ་བོ་འཇོམས་བྱེད་པ། །དཔེར་ན་སྲུང་མ་བདུད་དུ་བབས་དང་མཚུངས། ཞེས་དང༌། གཙོ་བོ་ངོས་འཛིན་གང་ཡིན་སྲན་ཙམ་རེ། །དེ་བས་ཆེ་ན་ནང་ཡན་དགྲ་ལ་ལྡོག །ཞེས་སོགས་ནད་ཐོག་ཏུ་གཉེན་པོ་འཕྲོད་ངེས་ཅན་གྱི་སྨན་བཟོ་ཐབས་དང་སྲུང་ཐབས་ཀྱི་རིག་པ་དུ་མ་ཞིག་ཡོད་པ་རྣམས་ནི་བོད་ཀྱི་གསོ་བ་རིག་པའི་སྦྱོར་བ་སྨན་གྱི་རིག་པ་ཐུན་མོང་མིན་པ་ཞིག་ཡིན་ཅེས་གླེང་པ་ལ་ངོ་གནོང་དགོས་དོན་མེད་དོ།།

སྨྲས་པ།

ཏི་སེ་ལས་བབས་གསོ་རིག་གངྒཱ་མ།།
ཚེ་ཡི་རིག་བྱེད་ཚངས་པའི་སྲས་མོའི་ཀླུང༌།།
གཅིག་ཏུ་འཁྱིལ་བ་གསོ་ཐབས་རྒྱ་མཚོ་ཆེའི།།
ཟེགས་མ་མ་འདྲེས་བློ་མིག་ཡངས་པར་གསལ།།

ཚུལ་འདི་བཤེས་གཉེན་དེད་དཔོན་གྱིས་བཟུངས་ཤིང༌།།                
སྐྱེས་སྦྱངས་ཤེས་རབ་མི་དམན་གྲུ་བོ་ཆེ།།
རྟག་གུས་སྦྱོར་བའི་དར་ཆེན་ལེགས་བསྒྲེངས་ཏེ།།
ལྷག་བསམ་དགེ་བའི་རླུང་གིས་བསྒྱུར་བའི་དྲིན།།

དུས་འདིར་ལེགས་བཤད་འཚོལ་བ་སྲིད་མཐའ་ཙམ།།
དེ་ལས་ཤེས་ཤིང་སྨྲ་བ་ཉིན་སྐར་བཞིན།།
ཕལ་ཆེར་འདོད་ཡོན་བདུད་ཀྱི་གཡབ་མོ་ཡིས།།
མགྲོན་ཏུ་ཆས་པའི་མྱོས་ཆུས་མྱོས་པར་བྱས།།

ལེགས་པར་བཤད་པ་ས་མཆོག་ཙན་དན་དང༌།།                         
ཉེས་པར་སྨྲ་བ་སོལ་བའི་སྡོང་དུམ་གཉིས།།
གཉིས་པ་བྲིན་ལ་བྲེལ་བའི་དུས་སྐབས་འདིར།།
འདི་འདྲ་ངལ་བ་སྟེན་པ་དོན་གྱིས་སྟོངས།།

འོན་ཏེ་ངག་གི་དཔལ་ཡོན་མི་དམན་ཅིང༌།།
ཟབ་དོན་བདུད་རྩིའི་སྙིང་ལ་གཏམ་པ་ལས།།
དབང་མེད་འཕྱུར་བའི་ཚིགས་ཀྱི་ཟེགས་མ་འགའ།།
འབད་མེད་ཤོག་བུའི་ངོས་སུ་འཐོར་བར་བྱས།།

ཀྱེ་མ་བོད་ཡུལ་ལྔ་རིག་གངས་རིའི་སྤོ།།
སྙིགས་མའི་སྤྱོད་ངན་ཚ་ཟེར་ཆེར་འབར་བ།།
དབང་ཕྱོགས་ལྷུན་པོའི་རྩེ་མོར་འཛེགས་པ་ཡིས།།
རྨེང་མེད་བཞུས་པའི་དུས་ངན་སྲིད་འདིར་ཤར།།

རང་རིགས་མེས་པོས་བསགས་པའི་གཅེས་ནོར་རྣམས།།                 
བདག་པོས་གཏོང་བའི་རྫས་བཞིན་དོན་མེད་འགས།།
དཔུང་པས་འཕྲོག་ཅིང་འགའ་རེས་འཇབ་ནས་སྤྱོད།།
ལ་ལས་ཧམ་པས་རང་གི་ཟོང་དུ་སྒྲོགས།།

བདག་འོས་ཕལ་ཆེར་ཅེ་རེ་ལོང་བ་བཞིན།།
ཚུལ་དེ་མཐོང་ཡང་ཕོངས་པའི་ཚོར་བ་མེད།།
འགའ་ཞིག་སྙིང་གི་ཁྲག་དྲོན་འཁྱག་པ་ཡིས།།
རང་ནོར་བཅོམ་པའི་དགྲ་བོའི་གཡབ་མོ་བྱེད།།

ཀ་ཡེ་འདི་ན་བླ་ཚེ་མ་སྟོར་བའི།།
གདོང་དམར་བོད་ཀྱི་མི་བརྒྱུད་འགའ་མཆིས་ན།།
རང་གི་ངང་ཚུལ་རང་གིས་ཤེས་བྱས་སྟེ།།
རང་རིགས་བརླག་པའི་སྦྱོར་བ་བསྐྱུང་བར་གྱིས།།       

སྐྱེས་བུ་དམ་པའི་མཚན་དང་གཞུང་སོགས་ཀྱི།།
མིང་གི་ཁྱོག་ལ་བརྟེན་པའི་ཆེན་པོ་རྣམས།།
སྟོང་ཟོབ་འུད་ཀྱི་འབག་གི་གཟུགས་མིན་ན།།
ད་ནི་དོན་གྱི་གཞིན་རས་སྟོན་པར་མཛོད།།     

བསྟན་པ་ཞེས་བྱ་སུ་དང་མ་འབྲེལ་བའི།།
སྤྱི་རྡོག་བེམ་པོ་ཟུར་དུ་མ་དམིགས་པས།།
རང་ལ་འཁྲི་བའི་ལུང་དང་རྟོགས་པ་ཡི།།
ཁུར་རེ་ཡོད་པ་རང་གིས་ཐེག་པར་གྱིས།།                                       

ཚུལ་འདི་གཞུང་དོན་རྒྱ་མཚོའི་མཇིང་བརྒལ་བའི།།
རྣམ་དཔྱོད་གྲུ་གཟིངས་ཕྱོགས་རིས་རླུང་ཆེན་གྱིས།།
གཞན་དུ་དྲངས་པའི་ནོངས་པ་འགའ་འཆིས་ན།།
སྙིང་ནས་འཆགས་སོ་ཆོས་བཞིན་བཀྱོན་པར་མཛོད།།

ལེགས་བྱས་སྟོན་ཟླའི་མཆེད་པོ་གང་མཆིས་དེས།།
རང་གི་གཅེས་ནོར་རང་གིས་ངོ་ཤེས་པའི།།
རང་རིགས་གཞོན་ནུ་དུས་འདིར་མི་སྟོང་ཞིང༌།།
རང་ཡུལ་བོད་ཀྱི་ཕ་ཤུལ་ཟིན་གྱུར་ཅིག།

ཕན་བདེའི་རྩ་ལག་རྒྱལ་བའི་བསྟན་པའི་གདུགས།
གང་གི་ཐུགས་སྟོབས་དཔུང་པ་ཁོ་ན་ཡིས།།
གྱེན་དུ་འདེགས་མཁས་རྒྱ་མཚོའི་མཚན་འཆང་བ།།
སྐུ་ཚེ་མཛད་འཕྲིན་ཀུན་གསལ་ཁྱོན་མཉམ་ཤོག།

       ཅེས་བོད་ཀྱི་གསོ་རིག་དང་རྒྱ་གར་གྱི་ཚེའི་རིག་བྱེད་ཀྱི་ཁྱད་པར་ལ་ཅུང་ཟད་དཔྱད་པ་འདི་ནི་དེང་དུས་ཤེས་ཡོན་དང་སྲིད་དོན་གྱི་འགྱུར་འགྲོས་གང་ལ་བསམ་ཀྱང་རང་གི་རིག་གཞུང་རང་གིས་ཤེས་པ་བྱེད་དགོས་ཤིན་ཏུ་གལ་ཆེར་མཐོང་སྟེ། འདི་འདྲའི་དཔྱད་གཏམ་སྔོན་ཆད་མ་བྱུང་ཡང་རྗེས་ནས་བློ་ལྡན་འགའ་འབྱུང་སྲིད་ན་འདི་ལས་ལྷག་པའི་ལེགས་བཤད་འབྱུང་བའི་སྒོ་འབྱེད་པ་དང༌། ཐ་ན་དེ་འདྲའི་ཁྱད་པར་ལ་བློ་ཁ་ཕྱོགས་པ་ཙམ་འབྱུང་པའི་རེ་བས་བརྗོད་གཞི་འདིའི་སྟེང་དུ་ཝཱ་ཎ་མཐོ་སློབ་ཀྱི་ནང་གི་དགེ་སློབ་མཉམ་ཞུགས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་བཀོད་སྒྲིག་ཞུས་པ་དང་ལྷན་དུ་བསྟན་པའི་འཁོར་ལོ་གསུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་པར་རོལ་བ་མཁན་ཆེན་ཚེ་རྣམ་རིན་པོ་ཆེའི་དྲིན་ལས་ཚུལ་འདིའི་རིགས་ལམ་ཆགས་ཙམ་པ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོའི་མིང་ཙམ་འཛིན་པའི་འཚོ་བྱེད་དྷིཿམིང་ཅན་གྱིས་སངས་རྒྱས་ཀྱིས་ཆོས་འཁོར་ཐོག་མར་བསྐོར་བའི་གནས་སུ་སུག་བྲིས་བྱས་པའི་ཡི་གེ་བ་ནི་རིག་པ་འདི་ལ་ལྷག་པར་མོས་པ་དགེ་ཏོག་ཚེ་རིང་རྡོ་རྗེ་དང་སོག་རུ་ཨོ་རྒྱན་གཉིས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།།   

No comments: